ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ས་མོ་ཡའི་རང་བཙན་རྒྱལ་ཁབ་ཀྱི་གཙོ་བདག་ཐུའུ་དབྱི་མ་ལེ་ཨ་ལའེ་ཧྥ་ནུའོ་ཡིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས། ཀྲུང་གོ་དང་ས་མོ་ཡ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ས་མོ་ཡའི་མཛའ་གྲོགས་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཀྲུང་གོ་དང་ས་མོ་ཡའི་དབར་ཕྱི་འབྲེལ་བཙུགས་ནས་དུས་རབས་ཕྱེད་ཀ་སོང་ཚུན། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ལྟ་སྟངས་འདྲ་མཉམ་འཛིན་པ་དང་། ཕྱོགས་གཉིས་ཀའི་རྒྱལ་ཁབ་ཀྱི་རང་བཙན་དང་བདག་དབང་སྲུང་སྐྱོང་བྱེད་པར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར། ཕྱོགས་གཉིས་པོའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ། མི་ཆོས་རིག་གནས་སྤེལ་རེས་རྒྱུན་མཐུད་རྒྱ་སྐྱེད་གཏོང་བ་བཅས་བྱས་པས། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་ཕྱིན་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ངས་ཀྲུང་གོ་དང་ས་མོ་ཡའི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། རྒྱལ་ཁབ་ཀྱི་གཙོ་བདག་ཐུའུ་དབྱི་མ་ལེ་ཨ་ལའེ་ཧྥ་ནུའོ་དང་ལྷན་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་གོ་སྐབས་སུ་བརྩིས་ནས་སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་འཁྱོངས་བྱེད་པ་དང་། དངོས་སྒྲུབ་མཉམ་ལས་ཟབ་ཏུ་བཏང་སྟེ་ཀྲུང་གོ་དང་ས་མོ་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ལེའུ་གསར་པ་རྩོམ་འདོད་ཡོད།
ཐུའུ་དབྱི་མ་ལེ་ཨ་ལའེ་ཧྥ་ནུའོ་ཡིས་གསུངས་དོན། ཀྲུང་གོ་དང་ས་མོ་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50སོང་ཚུན། ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་ཆེན་པོ་ཕྱིན་ནས། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་སྐྱེད་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ས་མོ་ཡའི་བདག་དབང་དང་རང་བཙན་ལ་བརྩི་འཇོག་བྱས་པ་དང་འབྲེལ། ས་མོ་ཡའི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་བར་རྩ་ཆེའི་རྒྱབ་སྐྱོར་བྱས་པར་ས་མོ་ཡ་ཕྱོགས་ཀྱིས་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུ་གི་ཡིན། ས་མོ་ཡ་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་རྒྱུན་མཐུད་ཟབ་ཏུ་ཕྱིན་ནས། རྒྱལ་ཁབ་གཉིས་པོའི་འབྱུང་འགྱུར་དེ་བས་དར་རྒྱས་དང་ཞི་བདེ་ཡོང་བར་རམ་འདེགས་ཐུབ་པའི་ཡིད་ཆེས་ཡོད།
དེ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་ས་མོ་ཡའི་ཙུང་ལི་ལཱ་ཝུའུ་ལི་ཡིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ཞིང་། ལི་ཆང་གིས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ས་མོ་ཡའི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ས་མོ་ཡ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་གོ་སྐབས་སུ་བརྩི་བ་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་རྒྱ་སྐྱེད་བཏང་ནས།
ཀྲུང་གོ་དང་ས་མོ་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
ལཱ་ཝུའུ་ལི་ཡིས་གསུངས་དོན། ས་མོ་ཡ་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་རེད། ས་མོ་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་རོགས་ཟླའི་མཉམ་ལས་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པ་སྐྲུན་འདོད་ཡོད།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007
