中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

འགྲན་རའི་ཕུགས་འདུན་སྙེགས་ནས་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་ལ་འབད་འཐབ་བྱེད་པ།——བདེ་ཆེན་རུ་ཁག་གིས2025/2026ལོའི་འགྲན་དུས་ཀྱི་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་གྱི་རྒྱང་སྐྱོད་ལམ་ཚད་དངོས་བྲིས།

ཁྱབ་བསྒྲགས་དུས་ཚོད་:2026-06-16 17:48:08

2025/2026ལོའི་ཧྥུའུ་ཏེན་དངུལ་ཁང་ཡུན་ནན་ཞིང་ཆེན་གྱི་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་དེ་མཐའ་མའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་སླེབས་ཡོད། ཟླ་བ་བདུན་རིང་གི་ལས་གནས་བརྟན་སྲུང་བྱས་པ་བརྒྱུད། གངས་ལྗོངས་ས་མཐོ་ནས་ཡོང་བའི་བདེ་ཆེན་རུ་ཁག་གིས་ལམ་བར་དུ་འགྲན་བསྡུར་བྱས་མཐར་ཨང་བརྒྱད་པར་སླེབས་པ་དང་། འབད་འཐབ་བྱེད་ཕོད་པའི་ངར་ཤུགས་ལ་བརྟེན་ནས་སྐབས་དང་པོའི་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་གྱི་འགྲན་རའི་ཐོག་གངས་ལྗོངས་ས་མཐོར་གཏོགས་པའི་བཀྲག་མདངས་འཚེར་ས་ཞིག་བཏོད་ཡོད། འགྲན་རའི་ནང་ནི་རྔུལ་ཆུ་དང་གཟི་བརྗིད་ཀྱི་ཞུན་བརྡར་བྱེད་ས་ཡིན་པ་དང་འགྲན་རའི་ཕྱི་རོལ་ནི་གྲོང་ཁྱེར་གྱི་གསོན་ཤུགས་དང་རིག་གནས་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་ཕྱོགས་ཡོངས་ནས་མངོན་ཡོད་པ་ཞིག་རེད། འགྲན་བསྡུར་གྱི་དུས་ཚིགས་ཧྲིལ་པོར་བདེ་ཆེན་གྱིས་འགྲན་བསྡུར་གཞི་རྟེན་དུ་བྱེད་པ་དང་རྐང་རྩེད་སྤོ་ལོ་སྦྲེལ་ཐག་ཏུ་བྱས་ཏེ་རྒྱུན་མཐུད་ངང་འཁྲུག་ཆ་དོད་པའི་འགྲན་རའི་རྣམ་པ་བཏོད་པ་དང་། རིག་གནས་དང་ལུས་རྩལ་མཉམ་འདྲེས་བྱས་ནས་གྲོང་ཁྱེར་ཆེ་མོའི་རྒྱུག་འབོར་ཆེ་རུ་བཏང་ཡོད། རྒྱུན་རྣམ་ཅན་གྱི་འགྲན་ར་གཙོ་བོའི་ཕྱི་རོལ་གྱི་མཉམ་འགུལ་བྱེད་སྒོ་དང་། ཁྱད་ལྡན་འགྲན་བསྡུར་གྱི་བཀྲ་ཤིས་མཚོན་རྟགས་འགྲེམས་སྟོན། བདེ་ཆེན་འགྲན་ཁུལ་གྱི་སྒོ་འཛིན་ཁྲི་བརྒྱད་ལྷག་ཙམ་བྲིན་ཁ་རྒྱུག་ཡོད། གཞུང་ཕྱོགས་ལས་སྟེགས་ཀྱི་ས་ཡ་རིམ་པའི་ཐད་གཏོང་དམར་འདོན་བཅས་བྱས་ནས་ཞིང་ཆེན་རིམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་མང་ཚོགས་ཀྱི་འཚོ་བར་དངོས་སུ་ཞུགས་པ་དང་། གྲོང་ཁྱེར་གྱི་ཚོན་ཁྲ་ཅན་གྱི་ཤོག་སྦག་སྤོར་བ། ས་གནས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པའི་བདེ་ཆེན་རིག་རྩལ་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཀྱི་ལེའུ་གསར་པ་བརྩམས་ཡོད།

གངས་ལྗོངས་ལྕགས་དམག”གིས་བརྩེ་བ་འདུ་འཛོམས་ལ་བརྟེན་ནས་ཕ་ཡུལ་གྱི་ཆེད་དུ་དཔུང་སྐྱོད་བྱས་པ།

དུས་ཡུན་རིང་པོའི་ནང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཡུན་ནན་གྱི་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་ནང་ཞུཊ་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཁུལ་ཡོངས་ཀྱི་རིག་གནས་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཞི་ཚུགས་ནས་སྤྱི་འདོམས་འཆར་འགོད་དང་མཐོ་ས་ནས་སྐུལ་འདེད་གཏོང་རྒྱུར་གཞི་ཚུགས་པ་དང་། སྤོ་ལོ་རུ་ཁག་གི་སྦྱོང་བརྡར་ཐང་དུ་ཐེངས་མང་བསྐྱོད་པ། འགྲན་བསྡུར་གྱི་གྲ་སྒྲིག་འཐབ་ཕྱོགས་དང་པོར་བསྐྱོད་དེ་ས་གནས་ས་ཐོག་ཏུ་བརྟག་ཞིབ་དང་འཚམས་འདྲི་བྱེད་པ་དང་། སྤོ་ལོ་རུ་ཁག་གི་དམག་གྲབས་དཀའ་གནད་དང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་གྱི་དགོས་མཁོ་གནད་སྨིན་ངང་སྦྲེལ་མཐུད་བྱས་ནས་ནུས་ཤུགས་ཡོད་རྒུས་ས་གནས་དེ་གའི་མང་ཚོགས་རུ་ཁག་ཞིང་ཆེན་རིམ་པའི་འགྲན་བསྡུར་ནང་ཞུགས་རྒྱུར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཏེ་ཡུན་ནན་ནུབ་བྱང་གི་ལུས་རྩལ་རིག་གནས་ཡུལ་སྐོར་གྱི་མིང་བྱང་བཏོད་ཡོད།

བདེ་ཆེན་རུ་ཁག་ནི་རྩ་བ་མང་ཚོགས་ལས་བྱུང་བའི་རུ་ཁག་ཅིག་ཡིན་པ་དང་རུ་མི་ནི་ཁུལ་ཡོངས་ཀྱི་ལས་རིགས་ཁག་ནས་ཡོང་བ་ཞིག་ཡིན་པའི་ནང་དགེ་རྒན་དང་། གཞི་རིམ་གྱི་ལས་དོན་མི་སྣ། སློབ་མ་སོགས་ཚུད་ཡོད། ཁོང་ཚོས་ལས་ཞོར་དུས་ཚོད་སྤྱད་དེ་སྦྱོང་བརྡར་བྱས་ནས་ས་མཐོའི་གནམ་གཤིས་དང་། ལས་ཀའི་མྱུར་ཚད། སྦྱོང་བརྡར་གྱི་ཆ་རྐྱེན་ཞན་པ་སོགས་ཀྱི་ཕྱི་རོལ་ཡུལ་གྱི་དཀའ་ངལ་ཁྱད་བསད་བྱས་ཏེ་རྨང་གཞིའི་ཐོག་བརྒྱུད་སྤྲོད་དང་། རྒོལ་སྲུང་། རྒྱུག་ཤར་གློད་པ་བཅས་ནས་སྤྱི་ཡོངས་ཀྱི་འཐབ་རྩལ་དང་། སྐབས་འཕྲལ་གྱི་འཐབ་རྩལ། རེ་རེ་བཞིན་བརྡར་རེས་དང་རེ་རེ་བཞིན་བསྐྱར་གསོ། རེས་སྐོར་ཀྱི་མཐོར་འདེགས་བཏང་ཡོད། ཐོག་མའི་དཔུང་ཤུགས་རྒྱུས་མེད་པ་དང་གཞོགས་འདེགས་ཡག་པོ་བྱུང་མེད་པ་ནས་དུས་མཇུག་གི་འཐབ་རྩལ་བྱང་ཆུབ་པ་དང་། གོ་རིམ་ལྡན་པ། དུས་ཐུང་ནང་དཔུང་ཁག་གི་ངོ་བོ་ངན་འགྱུར་བཅས་བྱུང་ཡོད། “ང་ཚོར་སྦྱོང་བརྡར་གྱི་ཆ་རྐྱེན་ཡག་པོ་མེད་ལ་ཡུན་རིང་གཅིག་སྡུད་སྦྱོང་བརྡར་བྱེད་པའི་དུས་ཚོད་ཀྱི་ལེགས་ཆའང་མེད། འོན་ཀྱང་ང་ཚོར་བདེ་ཆེན་བས་ཕམ་ཁ་མི་འཁུར་བ་དང་། དཀའ་སྡུག་ལ་མི་སྐྲག་པ། རལ་གྲི་འདོན་ཕོད་པ་བཅས་ཀྱི་སེམས་ཤུགས་བརྟན་པོ་ཡོད། ཕ་ཡུལ་གྱི་ཚབ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་འགྲན་རར་ལངས་པ་ནི་འགན་འཁྲི་ཡིན་ལ་གཟི་བརྗིད་དེ་བས་ཀྱང་ཡིན་ཞེས་རུ་མི་ཧོ་ཡའོ་ཡིས་འདི་ལྟར་བཤད་བྱུང་།སྤོ་ལོ་རྒྱག་མཁན་དང་། རྩལ་ཁྲིད་ཚོགས་པས་རུ་མིའི་གཟུགས་པོའི་བྱང་ཚད་དང་ས་མཐོའི་རྐང་རྩེད་སྤོ་ལོའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་བརྟན་སྲུང་དང་། མགྱོགས་མྱུར་རྒོལ་ལན་སྤྲོད་པ། སྤྱི་ཡོངས་མཉམ་འགུལ་བཅས་ཀྱི་འཐབ་རྩལ་མ་ལག་ཅིག་བཏོད་པས་མཁྲེགས་ལ་བརྟན་པ་དང་ངར་ཤུགས་ཆེ་བའི་རྐང་རྩེད་སྤོ་ལོའི་ཉམས་འགྱུར་ཞིག་ཆགས་ནས་འགྲན་དུས་ཧྲིལ་པོའི་བརྟན་ལྷིང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

“སྐྱི་ཡའི་ཚོགས་ར་གཙོ་བོ” ལྗང་མདོག་འགྲན་རར་བསྐྱོད་ནས་རྒྱལ་ཁའི་གླུ་དབྱངས་བསྟུད་མར་བླངས་པ།

བདེ་ཆེན་རུ་ཁག་གི་འགྲན་ར་གཙོ་བོ་ས་བབ་མཐོ་ཚད་སྨི་3300ཙམ་ཟིན་པའི་བདེ་ཆེན་ཁུལ་མི་རིགས་ལུས་རྩལ་ལྟེ་གནས་ཀྱི་ལུས་རྩལ་ཐང་དུ་བཙུགས་ཡོད་པ་དེ་ནི་སྐབས་འདིའི་ཡུན་ནན་གྱི་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་གྱི་ས་བབ་མཐོ་ཤོས་ཀྱི་འགྲན་ར་ཞིག་རེད།

འགྲན་བསྡུར་ནང་ཐེངས་དང་པོ་ཞུགས་མཁན་དཔུང་ཁག་ཡིན་པའི་བདེ་ཆེན་རུ་ཁག་གིས་འགོ་ཚུགས་པ་ནས་བཟུང་། དཔུང་ཁག་གསར་པ་བརྡར་ནས་མི་འདང་བའི་གནས་ཚུལ་ཐོན་པ་དང་། བསྟུད་མར་འགྲན་རའི་དམག་འཐབ་ནང་ས་བབ་དམའ་བ་དང་མི་འཕྲོད་པའི་གནས་ཚུལ་ཐོན་པའི་ཁར་འགྲན་བསྡུར་ཆེ་མོའི་ཉམས་མྱོང་མི་འདང་བས་སྔ་ས་ནས་ཕམ་ཉེས་ཆེན་པོ་བྱུང་ཡོད། རེས་སྐོར་དང་པོའི་སྤོ་ལོ་རྒྱག་ཡུལ་གཙོ་བོ་ཆུས་ཅིང་རུ་ཁག་ལས་ཕམ་པ་དང་། འགྲན་བསྡུར་བྱ་ཡུལ་ཞི་ཧྲོང་པན་ན་རུ་ཁག་ལས་རྣམ་པར་རྒྱལ་བ། ཁུན་མིང་རུ་ཁག་ལས་ཕམ་པ། འགྲན་བསྡུར་ཐེངས་གསུམ་བྱས་ཀྱང་གྲུབ་འབྲས་ཐོབ་མེད་པས། སྐར་གསོག་བང་རིམ་ཁྲོད་སྨད་རྒྱུད་དུ་སླེབས་པ་དང་རུ་ཁག་ཡོངས་ཀྱིས་གནོན་ཤུགས་ཐེག་བཞིན་མདུན་སྐྱོད་བྱས་ཡོད།

བསྟུད་མར་ཕམ་པའི་སེམས་ཤུག་འོག་རྩལ་ཁྲིད་ཚོགས་པས་ཉིན་མཚན་མེད་པར་བསྐྱར་ཟློས་ཀྱིས་རྒོལ་འགོག་གི་སྐྱོན་ཆ་སེལ་བ་དང་།མཐའ་མཚམས་ཀྱི་རྒོལ་ལན་སྤྲོད་པའི་འཐབ་རྩལ་ལེགས་སུ་གཏོང་བ། སྤོ་ལོ་རྒྱག་མཁན་བརྗེ་རེས་བྱེད་ཐེངས་དང་པོ་ལེགས་སྒྲིག་བཅས་བྱས་པ་རེད། རུ་མི་ཚོས་རང་འགུལ་ངང་སྤོ་ལོ་རྒྱག་སྟངས་སྦྱོང་བ་དང་། གཡུལ་སའི་འགོག་སྲུང་བྱེད་སྟངས་སྦྱོང་བ། འགྲན་བསྡུར་མཇུག་འགྲིལ་བའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་རུ་ཁག་ཡོངས་ཀྱི་སེམས་ནུས་གཅིག་སྒྲིལ་གྱིས་དཀའ་གནད་བསལ་བ་རེད། ནུའུ་ཅང་རུ་ཁག་ལ་རྒྱལ་ཁ་ཐོབ་པ་ནས་བཟུང་བསྟུད་མར་རྒྱལ་ཁ་ཐོབ་འགོ་ཚུགས་པ་སྟེ། འགྲན་ར་གཙོ་བོས་ཁྲུའུ་ཞུང་རུ་ཁག་དང་འགྲན་བསྡུར་བྱས་ནས་2:1ཐོག་རྒྱལ་ཁ་བརྟན་པོ་ཐོབ་པ་དང་། ཧུང་ཧོ་རུ་ཁག་དང་འགྲན་དུས་ཆད་གྲུག་འགྲན་བསྡུར་ཁྲོད་5:4ཡི་རྒྱལ་ཁ་བླངས། རང་སར་ལོག་ནས་ཏེ་ཧུང་རུ་ཁག་ལ་ཁ་གཏད་བཅག་པ་དང་། སྤོ་ལོ་བརྒྱབ་ནས་འགག་རྩའི་དམག་འཐབ་ལ་རྒྱལ་ཁ་བླངས་པ་རེད། ཏ་ལི་རུ་ཁག་ལ་སླར་ཡང་2:1གི་ཐོག་ནས་རྒྱལ་ཁ་བླངས་མཐར་ཐེངས་ལྔ་བསྟུད་མར་རྒྱལ་ཁ་ཐོབ་ནས་སྐབས་འདིའི་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་གྱི་བཀྲག་མདངས་འཚེར་ཤོས་ཀྱི་དཔུང་ཁག་གི་གྲས་ཤིག་ཏུ་གྱུར་པ་རེད།

“གོམ་བགྲོད་མདུན་སྐྱོད”ཀྱིས་མགྲོན་རའི་སྦྱོང་བརྡར་བརྒྱུད་ནས་ཐོག་མའི་བསམ་འདུན་སྲུང་བ།

ཐེངས་འདིའི་འགྲན་བསྡུར་ནང་བདེ་ཆེན་རུ་ཁག་ཡུན་ནན་ལྷོ་རྒྱུད་དང་། ཡུན་ནན་ནུབ་རྒྱུད། ཡུན་ནན་དབུས་རྒྱུད་བཅས་ཀྱི་ས་ཆ་མང་པོར་བསྐྱོད་དེ་ཞི་ཧྲོང་པན་ནཱ་ནས་ལིན་ཚང་ཡོན་དབའ་རི་བོའི་བར་དང་། རྒྱལ་མོ་རྔུལ་ཆུའི་གྲོག་རོང་ནས་ཏ་ལི་ཨེར་ཧའེ་རྒྱ་མཚོའི་ངོགས་བར་གྱི་གནམ་གཤིས་དང་། ས་བབ། ས་ཆའི་ཆ་རྐྱེན་བཅས་ཀྱིས་རུ་མིའི་འཕྲོད་ནུས་ལ་རྒྱུན་ཆད་མེད་པར་ཚོད་བགམ་བྱེད་ཀྱི་ཡོད། ཐག་རིང་དུ་རྒྱུག་པ་དང་། ཁོར་ཡུག་གི་ཁྱད་པར། མགྲོན་རའི་གནོན་ཤུགས་བཅས་ཚང་མ་ཕྱིར་སྐྱོད་ཐེངས་རེར་ངེས་པར་དུ་འགྲན་སློང་ལ་ཁ་གཏད་བཅག་ཡོད།

རེས་སྐོར་དང་པོའི་མགྲོན་རའི་འགྲན་བསྡུར་ཁྲོད་སྤོ་ལོ་རུ་ཁག་གིས་དཀའ་འཐབ་བརྒྱུད་མྱོང་ལ་ཕངས་སེམས་ཀྱི་བྲོ་བའང་མྱངས་མྱོང་། རུ་མི་ཚོས་འགྲན་རྒོལ་བྱེད་ཤུགས་ཆེ་རུ་བཏང་ནས་འགྲན་བསྡུར་ཆེ་མོའི་ཉམས་མྱོང་གསོག་འཇོག་དང་། རྩལ་འགྲན་གྱི་མཐོང་རྒྱ་ཆེ་རུ་གཏོང་བ། ལག་རྩལ་གྱི་ཞན་ཆ་མུ་མཐུད་གསབ་པ། འགྲན་རར་ཉེ་བའི་སེམས་ཁམས་ཞུན་བརྡར་བཅས་བྱས་པ་རེད། སྟོབས་ཤུགས་ཆེ་བའི་འགྲན་ཡ་ལ་ཁ་གཏད་ནས་རུ་ཁག་ཡོངས་ཀྱིས་ཧེ་བག་ལ་མཐོང་ཆེན་དང་ཁེངས་སྐྱུང་གིས་སློབ་སྦྱོང་བྱས་ཡོད། སྟོབས་ཤུགས་འདྲ་མཚུངས་ཡིན་པའི་དཔུང་ཁག་ལ་ཚང་མས་དམག་རྒྱག་ཕོད་པ་དང་འབད་འཐབ་བྱེད་ཕོད་པ་དང་རྒྱལ་ཁ་ཡོངས་སུ་བརྩོན་ལེན་བྱས་ཡོད། རྗེས་ལུས་ཀྱི་གནས་བབ་ངན་པའི་དུས་སུ། མི་མང་གིས་གཡུལ་ས་བརྟན་སྲུང་བྱས་ཡོད། ཚོད་བགམ་མང་པོ་བརྒྱུད་དཔུང་ཁག་གི་འཐབ་རྩལ་ཤེས་རྟོགས་དང་། སྐབས་འཕྲལ་གྱི་བབ་བསྟུན་འགྱུར་ལྡོག སྤྱི་ཡོངས་ཀྱི་བྱང་ཚད་བཅས་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཡོད།

ཡུན་ནན་གྱི་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་དེ་འདོར་ལེན་འགྲན་བསྡུར་གྱི་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་སྐབས་བདེ་ཆེན་རུ་ཁག་གིས་མགྲོན་བདག་ཁུན་མིང་རུ་ཁག་དང་འགྲན་སློང་བྱས་པ་རེད། བརྒྱུད་འཛིན་མ་ལག་འཐུས་སྒོ་ཚང་བ་དང་འགྲན་བསྡུར་ཆེ་མོའི་ཉམས་མྱོང་ཕུན་སུམ་ཚོགས་པའི་འགྲན་ཡའི་མདུན་དུ་བདེ་ཆེན་རུ་ཁག་འགོ་ཚུགས་མ་ཐག་པའི་སྐར་མ་དང་པོར་སྐྲག་སྣང་མ་སྐྱེས་པར་དཔའ་ངར་ཆེར་སྐྱེད་ཀྱིས་འགོག་སྲུང་འཛིང་རགས་བརྟན་པོ་བརྒྱབ་པ་དང་ཕར་རྒོལ་བྱེད་སྐབས་བློ་ཐག་ཆོད་པོ་བྱས་ནས་མཐའ་མའི་སོ་ལྟ་བྱེད་མཚམས་སུ་འབད་འཐབ་བྱས་པ་རེད། མཐར་ཨང་རིམ་བརྒྱད་པ་ལས་མཚམས་འཇོག་དགོས་ནའང་།རུ་མི་ཚོས་བློ་བདེ་བག་ཕེབས་ངང་མཇུག་འབྲས་ལ་ཁ་གཏད་གཅོག་ཐུབ་ཀྱི་ཡོད་ལ། གནད་འགག་ལ་ཐུག་ཀྱང་སེམས་མི་ཕམ་པའི་སེམས་ཁམས་དེ་ནི་འགྲན་བསྡུར་དུས་ཚིགས་འདིའི་གྲུབ་འབྲས་རྩ་ཆེན་ཞིག་རེད།

རྩལ་ཁྲིད་པ་གཙོ་བོ་ཅིན་ཁྲེང་ཡིའུ་ཡིས་“ཐེངས་མང་བོར་ཕྱིར་འབུད་འགྲན་བསྡུར་དང་། ཨང་རིམ་བརྒྱད་པར་སླེབས་པ་ནི་མ་གཞི་ནས་ཐོད་བརྒལ་ཆེ་ཞིག་ཡིན། ཆ་བསགས་དང་མིང་རིམ་དང་བསྡུར་ན་དཔུང་ཁག་གི་གོ་བརྡ་འཕྲོད་པ་ནས་མ་གྲོས་གཅིག་མཐུན་གྱི་མཉམ་ལས་དང་། ལོ་ན་ཕྲ་བ་ནས་བརྟན་པོའི་ངང་འཚར་ལོངས་བྱུང་བའི་བར་ནི་འགྲན་དུས་འདིའི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན་ལ་བདེ་ཆེན་གྱི་རྐང་རྩེད་སྤོ་ལོ་ཚད་ལྡན་ཅན་འཕེལ་རྒྱས་འགྲོ་རྒྱུར་རྩ་ཆེའི་ཉམས་མྱོང་ཡང་བསགས་ཡོད། འགྲན་བསྡུར་གྱི་དུས་ཚིགས་ཧྲིལ་པོར་ཕྱིར་མིག་ལྟ་སྐབས་སྤོ་ལོའི་རུ་ཁག་གིས་འགོ་འཛུགས་སྐབས་ཉམས་ཞན་དང་། དུས་འབྲིང་ལ་འཕེལ་རྒྱས་བྱུང་བ། ནུས་ཤུགས་ཡོད་རྒུས་མཐའ་མའི་གདོང་མཆོང་བཅས་ཀྱི་ལོ་རྒྱུས་ལམ་བུ་ཆ་ཚང་བརྒྱུད་ཡོད།རུ་ཁག་ཡོངས་ཀྱིས་གནས་སྐབས་ཀྱི་མཛེས་སྡུག་དོན་གཉེར་མི་བྱེད་པར་གོམ་སྟབས་བརྟན་པོས་མདུན་དུ་བསྐྱོད་པ་དང་འབད་བརྩོན་ལྷོད་མེད་བྱས་པ་ལས་ས་མཐོའི་བུ་ཕྲུག་གི་བློ་བརྟན་འགྱུར་མེད་ཀྱི་གཤིས་རྒྱུད་མཚོན་གྱི་ཡོད། ཐོག་མར་སྟོབས་ཆེའི་དཔུང་ཁག་དང་འཕྲད་སྐབས་ཀྱི་ཛ་དྲག་ཆེ་བའི་རྣམ་པ་ནས་རྒྱལ་ཁ་བསྟུད་མར་ཐོབ་རྗེས་ཀྱི་འཚབ་འཚུབ་བར་བདེ་ཆེན་རུ་ཁག་གིས་ཡུན་ནན་གྱི་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་ཕྱོགས་ཡོངས་ནས་འགྱུར་ལྡོག་བཏང་སྟེ་གངས་ལྗོངས་ཀྱི་རྐང་རྩེད་སྤོ་ལོ་ཞིང་ཆེན་ཡོངས་ཀྱི་འགྲན་བསྡུར་ལ་རྒྱུན་རྣམ་ཅན་གྱི་སྦྲེལ་མཐུད་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད་ཟེར།

“རུ་མི་བཅུ་གཉིས”ནི་ལོ་ཚད་ལས་བརྒལ་ཡང་དགའ་ཞེན་གཅིག་པ་ཡིན།

ལྗང་མདོག་གི་འགྲན་རར་སྙེགས་ནས་དགའ་ཞེན་ལ་མཚམས་མེད་པ། རི་དང་རྒྱ་མཚོའི་བར་དུ་བརྩེ་སེམས་ཟབ་མོ་བཅངས་ཡོད་ལ་བློ་སེམས་ཀྱི་བརྩེ་བ་གཅིག་ཏུ་མཐུན། འགྲན་བསྡུར་ཐེངས་གཅིག་གི་གཟི་བརྗིད་དེ་སྤོ་ལོ་རྒྱག་མཁན་གྱིས་ནུས་ཤུགས་ཡོད་རྒུས་རྒྱུག་ཤར་གློད་པའི་གཟུགས་བརྙན་ཐོག་བརྐོས་ཡོད་ལ་སྤོ་ཞེན་པ་ཁྲི་སྟོང་མང་པོས་ཁ་འབྲལ་ཐབས་མེད་པར་བརྟན་སྲུང་བྱས་ཡོད། ལམ་བར་དུ་བདེ་ཆེན་རུ་ཁག་གིས་གཞི་ར་དང་མགྲོན་ར་གང་ཡིན་རུང་ལྟ་སྟེགས་ཐོག་མི་མང་པོ་ཞིག་གིས་ཁོང་ཚོར་ཤུགས་རྒྱག་པ་དང་དགའ་འབོད་བྱས་ཏེ་ཁོང་ཚོ་དང་མཉམ་དུ་རྒྱལ་ཁའི་སྤྲོ་སྣང་མཉམ་སྤྱོད་བྱེད་ཀྱི་ཡོད། ཁོང་ཚོར་“རུ་མི་བཅུ་གཉིས”ཞེས་པའི་ཐུན་མོང་གི་མིང་ཞིག་ཡོད།

འགྲན་བསྡུར་མ་བྱས་གོང་ལ་སྤོ་ཞེན་པ་རྣམས་སྔ་མོ་ནས་འགྲན་བསྡུར་ལ་སྒུག་ཡོད། ཁོ་ཚོས་ཡང་དང་ཡང་དུ་རྔ་རྡུང་བ་དང་། འཁྲབ་སྦྱོང་བྱས་ནས་ངར་ཤུགས་སློང་བའི་འབོད་ཚིག་སྒྲོག་པ་དང་། ཐ་ན་སྐད་འགག་ནའང་ངལ་གསོ་མི་བྱེད་པར་གནམ་ས་གཡོ་བའི་ངར་སྐད་ཀྱིས་སྤོ་ལོ་རུ་ཁག་ལ་སྟོབས་ཤུགས་བརྒྱུད་སྤྲོད་བྱས་ཡོད། ལོ་62ལ་སླེབས་པའི་ཞུང་གོ་ཆོན་གྱིས་ཕོ་གསར་ཚོས་ཆུ་ཚད་དང་འཇོན་ཐང་འགྲན་རྒྱུའི་རེ་བ་ཡོད། རྒྱལ་ཕམ་ལ་མ་བལྟོས་པར་ང་ཚོས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཟེར། ལོ་8ལ་སླེབས་པའི་བསྟན་འཛིན་ཆོས་སྒྲོལ་གྱིས་བདེ་ཆེན་རུ་ཁག་ཤུགས་རྒྱོབ་ཅེས་འབོད་ཀྱི་ཡོད། ཁོང་གིས་འཐབ་རྩལ་དེ་ཙམ་ཤེས་ཀྱི་མེད་ན་ཡང་སྤོ་ལོའི་གྱོན་ཆས་གྱོན་མཁན་ནི་ཕ་ཡུལ་གྱི་རུ་ཁག་ཅིག་ཡིན་པ་ཤེས་ཀྱི་ཡོད། སྤོ་ཞེན་པ་རྒན་གྲས་སྐལ་བཟང་དབང་འདུས་འགྲན་བསྡུར་གང་ཞིག་ལའང་ཆད་མྱོང་མེད། ཁོང་གིས་ང་ནི་བདེ་ཆེན་རུ་ཁག་གི་སྤོ་ལོར་དབྱིངས་ཞུགས་མཁན་རྣལ་མ་ཞིག་ཡིན་པས་འགྲན་བསྡུར་ཚང་མར་ཞུགས་དགོས་ཀྱི་ཡོད་ཟེར། ཁོང་གིས་ངར་སྐུལ་བྱང་བུ་མཐོན་པོར་བསྒྲེངས་ནས་ནུས་ཤུགས་ཡོད་རྒུས་ངར་སྐད་སྒྲོག་བྱུང་།

འགྲན་བསྡུར་འགོ་ཚུགས་པ་ནས་མཇུག་འགྲིལ་བའི་བར་ཞོགས་པ་དང་། ས་སྲོད། ཚ་གདུག་དང་གྲང་ངར་ཇི་ལྟར་ཆེ་བ། མགྲོན་ར་དང་གཞི་ར་གང་ཡིན་རུང་། རྒྱལ་ཁ་དང་ཕམ་ཁ་གང་ཡིན་རུང་“རུ་མི་བཅུ་གཉིས”ཀྱིས་ཐོག་མཐའ་བར་གསུམ་དུ་སྤོ་ལོ་རུ་ཁག་དང་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱས། ཁོང་ཚོས་རང་འགུལ་ངང་ངར་རོགས་རུ་སྟར་གྲུ་བཞི་སྒྲིག་འཛུགས་བྱས་ཏེ་རྔ་དང་འཁར་རྔའི་འཕྲེད་འགེལ་སྦྱར་ཡིག་གྲ་སྒྲིག་ཡག་པོ་བྱས་པ་དང་། འབོད་ཚིག་གྲལ་འགྲིག་ལ་ནུས་ཤུགས་ལྡན་པ། ཆེས་བབ་ཆགས་ཀྱི་རོགས་པ་དང་མཉམ་དུ་སྤོ་ལོ་རུ་ཁག་གི་གོམ་སྟབས་རེ་རེ་བཞིན་སྤོས་ཡོད། སྤོ་ལོ་རུ་ཁག་གིས་བསྟུད་མར་རྒྱལ་ཁ་ལེན་སྐབས་ཁོ་ཚོས་དགའ་འབོད་བྱས་ནས་དགའ་སྤྲོ་མཉམ་རོལ་བྱས། སྤོ་ལོ་རུ་ཁག་གནས་བབ་ངན་པར་ལྷུང་དུས་ཁོ་ཚོས་ཞི་འཇམ་སེམས་གསོ་དང་། སེམས་དྲོད་སྐུལ་ལྕག རྒྱལ་ཕམ་གང་ཡིན་རུང་ཁོང་ཚོས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་ཟོལ་མེད་ཀྱི་དགའ་ཞེན་དང་སྤོ་ལོ་རུ་ཁག་གི་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་ཀྱི་ཡོད།

འགྲན་རའི་ཐོག་སྤོ་ལོ་རྒྱག་མཁན་ཚོས་འབད་བརྩོན་ལྷོད་མེད་བྱས་ཡོད། གར་སྟེགས་འོག་ཏུ་སྤོ་ཞེན་པ་རྣམས་ཀྱིས་བརྩེ་བ་ངོ་མ་མངོན་ཡོད། ལོ་ན་ཆེ་ཆུང་དང་བར་ཐག་རིང་ཐུང་ལ་མ་བལྟོས་པར་བདེ་ཆེན་གྱི་སྤོ་ཞེན་པས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་ལ་བརྟེན་ནས་སྲུང་སྐྱོང་དང་། དགའ་ཞེན་དང་བརྟན་སྲུང་ལ་བརྟེན་ནས་རྒྱང་སྐྱོད་ལ་རམ་འདེགས་བྱས་ཡོད།

“འགྲན་བསྡུར་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་བྱུང་བ།རིག་གནས་དང་ལུས་རྩལ། ཚོང་དོན། ཡུལ་སྐོར་བཅས་མཉམ་འདྲེས་བྱས་ནས་ས་ཁོངས་ཧྲིལ་པོའི་གསོན་ཤུགས་འཕེལ་བ་བྱས་པ།

འགྲན་བསྡུར་འདིས་བདེ་ཆེན་ལ་འགྲན་རྩོད་ཆེན་པོ་ཞིག་ཁྱེར་ཡོང་། རྐང་རྩེད་སྤོ་ལོ་སྨྱན་སྦྱོར་དུ་བྱས་ནས་ས་ཁོངས་ཧྲིལ་པོར་ཁྱབ་པའི་འཛད་སྤྱོད་ཀྱི་ཚ་རླབས་ཤིག་བདེ་ཆེན་དུ་འཕྱུར་བཞིན་ཡོད། སྤོ་ལོའི་སྤ་སེ་ཆུང་ཆུང་ཞིག་ལག་ཏུ་འཁྱེར་ཚེ་མི་རྣམས་ངར་ཤུགས་འཕེལ་ཐུབ་པ་མ་ཟད། ད་དུང་ཟ་འཐུང་རོལ་བའི་“སེམས་ཀྱི་ཉི་ཟླ”ཞིག་ཀྱང་ཉམས་སུ་མྱོང་ཐུབ། ལྟེ་བའི་མཛེས་ལྗོངས་ཁུལ་དུ་སྤ་སེ་མི་དགོས་པར་ཡུལ་སྐོར་བྱེད་པ་ནས་ཁྱད་ལྡན་བཟའ་བཏུང་འཛད་སྤྱོད་གྲོན་དངུལ་འཕྲལ་དུ་ཉུང་དུ་གཏོང་བའི་བར་དང་དེ་ནས་ཁྲོམ་རའི་ཐོག་དྲི་ཞིམ་འཐུལ་བའི་ཚགས་ཤ་སྐམ་པོ་དང་ཕྱུར་བའི་བག་ལེབ་བར། སྤོ་ལོའི་སྤ་སེ་གཅིག་ནི་ཉམས་ལེན་ཕུན་སུམ་ཚོགས་པའི་“ཀུན་ནུས་ལྡེ་མིག”དང་འདྲ་བར་དུས་ཐུང་གི་འགྲན་བསྡུར་ལ་ལྟ་མཁན་གྱི་མི་ཚོགས་དེ་བས་རྒྱ་ཆེ་བའི་འཛད་སྤྱོད་རྣམ་པའི་ཕྱོགས་སུ་ཁྲིད་ཡོད། འགྲན་རའི་ཕྱི་རོལ་གྱི་ཚོང་འདུས་ནི་འཛད་སྤྱོད་ཚ་རླབས་དེ་ཆེས་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་རེད།

ཁུལ་མི་རིགས་ལུས་རྩལ་ལྟེ་གནས་ཀྱི་ཕྱི་རོལ་དུ། གུར་སྔོན་པོ་དང་དཀར་པོ་ཕན་ཚུན་འདྲེས་མ་ཞིག་ཐང་ཆེན་བརྒྱུད་རིམ་བཞིན་གྲལ་སྟར་འགྲིག་པོར་བསྒྲིགས་པ་དང་། དུ་བ་དང་མེ་རླུང་འཚུབ་བཞིན་ཡོད་པ་སྟེ། ཚགས་ཤ་སྐམ་པོ་དང་། ནས་ཀྱི་བྲོ་བ་ཞིམ་པོ། འོ་མའི་དྲི་ཞིམ་འཐུལ་བའི་ཕྱུར་བའི་བག་ལེབ་བཅས་ཤིང་སྒྲོམ་ཐོག་གྲལ་སྟར་འགྲིག་པོས་བསྒྲིགས་ཡོད་པས་འགྲན་བསྡུར་ལ་ལྟ་མཁན་སྤོ་ཞེན་པ་དང་ཕར་འགྲོ་ཚུར་འོང་བྱེད་མཁན་ཡུལ་སྐོར་བས་རུ་སྟར་རིང་པོ་བསྒྲིགས་ནས་མྱོང་རོལ་བྱེད་ཀྱི་ཡོད།ལག་བཟོས་བོད་སྤོས་དང་བལ་གྱི་སྟོད་ལྷེ་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་གསར་གཏོད་ཐོན་རྫས་དང་མི་རིགས་ཀྱི་ཁྱད་ལྡན་ཐོན་རྫས་ཀྱང་འགྲན་བསྡུར་གྱི་ཤར་རླུང་དང་བསྟུན་ནས་དེ་གར་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བར་ཕྱོགས་པའི་འགྲེམས་སྟོན་སྐར་ཁུང་ཡོད་པ་རེད། འགྲན་བསྡུར་གྱི་བཀྲ་ཤིས་མཚོན་རྟགས་“ཡག་བྱུང”ནི་ཁྲོམ་རའི་ཐོག་གི་“མི་གཡང་རྒྱལ་པོར”གྱུར་པ་དང་། མི་མི་ཉུང་བ་ཞིག་གིས་ཡག་བྱུང་མཚོན་རྟགས་ཀྱི་མཐའ་འཁོར་དུ་མཉམ་པར་འཁྱེར་ནས་གཡག་གི་གཟུགས་བརྙན་དེ་སེམས་ཀྱི་ཉི་ཟླའི་དྲན་ཤེས་དང་མཉམ་དུ་ཁྱིམ་ལ་འཁྱེར་ཡོད།

འགྲན་ར་ནས་ཕྱི་ལ་ཁྱབ་པའི་ཚ་ཤུགས་འདི་མྱུར་དུ་ཁུལ་ཡོངས་ལ་ཁྱབ་ཡོད། པོ་ཏ་མཚོ་དང་སྟག་མཆོང་གྲོག་རོང་སོགས་མཛེས་ལྗོངས་ཁུལ་དུ་མི་ཚོགས་ཀྱིས་ཁེངས་པ་ནས་རྡོ་མཁར་རྫོང་གི་ཉེ་འཁོར་དུ་སྡོད་ཁང་དཀོན་པོ་ཡོད། བོད་བཟོའི་ཟ་ཁང་ནང་ཉི་ཤར་གྱི་བྱ་ཤ་དང་ཚགས་ཤའི་རྒྱ་ཁོག་གི་དྲི་ཞིམ་གང་སར་འཐུལ་བ་ནས་ལུས་རྩལ་ལྟེ་གནས་ཕྱིའི་ཁྱད་ལྡན་ཁྲོམ་རའི་ཉོ་ཚོང་གཉིས་ཀ་ཡག་པོ་ཡོད་པའི་བར་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་ལས་ཐོན་པའི་འཛད་སྤྱོད་ཀྱི་གསོན་ཤུགས་བདེ་ཆེན་གྱི་དཔལ་འབྱོར་གྱི་ཕྱོགས་གང་སར་ཁྱབ་ཡོད། ལས་རིགས་ཁག་གིས་འགྲན་བསྡུར་གྱི་སྣེ་ཁྲིད་འོག་མཉམ་ཤུགས་ཆགས་ཡོད་པ་སྟེ། བཟའ་བཏུང་ཚོང་དུད་ཀྱིས་འཛད་སྤྱོད་དངུལ་འཛིན་དང་འགྲན་བསྡུར་གྱི་རྒྱུག་ཚད་ལ་བརྟེན་ནས་འགྲུལ་ཁུངས་རྒྱ་ཆེར་གཏོང་བ་དང་། ཞག་སྡོད་ལས་རིགས་ཀྱིས་རིན་གོང་གཅོག་པ་དང་ཁང་པ་ཕྱིར་སློག་ནར་འགྱངས་སོགས་ཀྱི་དྲོ་སྐྱིད་ཞབས་ཞུ་བརྒྱུད་གནས་སྡོད་བྱེད་ཚད་དང་ཡུལ་སྐོར་བའི་བློ་ཡིད་ཚིམ་ཚད་མཐོ་རུ་བཏང་ཡོད། བོད་སྤོས་དང་། ཉི་ཤར་གྱི་རྫ་ནག ཚགས་ཤ་སྐམ་པོ་སོགས་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་དང་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་གསར་གཏོད་ཐོན་རྫས་ཀྱིས་འགྲན་བསྡུར་གྱི་རྒྱུག་འབོར་ལ་བརྟེན་ནས་འགྲེམས་སྟོན་སྟེགས་བུ་བསྐྲུན་ཏེ་ས་མཐོ་ནས་དེ་བས་ཡངས་པའི་ཁྲོམ་རར་བསྐྱོད་དེ་བདེ་ཆེན་གྱི་བྲོ་བ་དང་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད།

སྨྱན་སྦྱོར་ཚན་པ་ཡོངས་ཀྱིས་མཐུན་སྦྱོར་མཉམ་འགུལ་བྱས་ནས་ཁོངས་ཡོངས་ཀྱི་རྣམ་པ་གཏོད་ཡོད། གཙོ་རྒྱུག་སྨྱན་སྦྱོར་གྱིས་བརྙན་འཕྲིན་དང་། ཚགས་པར། སྨྱན་སྦྱོར་གསར་པ་སོགས་ཐབས་ལམ་ཧྲིལ་པོ་བསྡུ་སྒྲིལ་བྱས་ཏེ་འགྲན་བསྡུར་གྱི་དངོས་བྲིས་དང་། རིག་གནས་དང་ཡུལ་སྐོར་གྱི་ཕར་རྒོལ། ས་མཐོའི་ཡུལ་ལྗོངས་སོགས་ནང་དོན་རབ་དང་རིམ་པ་འོས་སྦྱོར་བྱས་ནས་དྲ་རྒྱ་ཡོངས་སུ་དྲིལ་བསྒྲགས་རྒྱ་ཆེན་པོ་བྱས་ཡོད། འགྲན་བསྡུར་ཐད་གཏོང་ལ་ལྟ་མཁན་མི་ཐེངས་ཁྲི་170ལས་བརྒལ་བ་དང་། དེའི་ནང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་“ཨ་ཁུ་སྟོན་པ”མཉམ་སྡེབ་ཀྱིས་དྲིལ་བསྒྲགས་ལས་དོན་ལ་གསོན་ཤུགས་ཆེན་པོ་བསྣན་ནས་“ཡུན་ནན་ནུབ་བྱང་གི་F4”ཞེས་པའི་ངོ་མཚར་ཆེ་བའི་ས་ཁོངས་མཚོན་རྟགས་གསར་གཏོད་བྱས་ཏེ་བདེ་ཆེན་དང་། ས་དམ། ཏ་ལི། ནུའུ་ཅང་བཅས་ས་ཆ་བཞི་མཉམ་འགུལ་གྱིས་རིག་གནས་དང་ལུས་རྩལ་མཉམ་འགུལ་དང་ཕྱོགས་གཉིས་དྲིལ་བསྒྲགས་བྱས་ཡོད། ཁོང་ཚོས་ན་གཞོན་ཅན་དང་། གཏམ་རྒྱུད་ཅན། མང་ཚོགས་དང་འབྲེལ་འདྲིས་བཅས་ཀྱི་མཚོན་སྟངས་སྤྱད་དེ་ས་མཐོའི་རང་བྱུང་མཛེས་ལྗོངས་དང་། མི་རིགས་ཀྱི་དམངས་སྲོལ་རིག་གནས། ཁྱད་ལྡན་ཞིམ་ཟས་བཅས་བརྙན་ཐུང་གསར་རྩོམ་ནང་བཅུག་ནས་ས་གནས་ཁག་གི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་ཟུང་འབྲེལ་བྱས་ཏེ་བདེ་ཆེན་གྱི་སྣོད་བཅུད་མཛེས་ལྗོངས་དང་། མི་རིགས་ཀྱི་ནང་དོན། འཛད་སྤྱོད་ཀྱི་ལེགས་ཆ་བཅས་ཕྱོགས་ཡོངས་ནས་མངོན་པར་བྱས་པ་དང་། འགྲུལ་པའི་ཡིད་དབང་རྒྱུན་མཐུད་ངང་བཀུག་སྟེ་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་གངས་ལྗོངས་ས་མཐོར་ཡོང་རྒྱུའི་གདན་དྲངས་ཡོད།

2025/2026ལོའི་འགྲན་དུས་ཀྱི་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་དུ་བསྟུད་མར་རྒྱལ་ཁ་ཐེངས་ལྔ་ཐོབ་པའི་འོད་སྟོང་འཕྲོ་བའི་དུས་སྐབས་དང་།གཞི་རའི་གཙུབ་བརྡར་གྱི་ནར་སོན། སྟོབས་ཅན་དང་སྟོབས་ཅན་འཕྲད་དུས་ཞུམ་མེད་ཀྱི་སྙིང་སྟོབས་མངོན་པ། གྲོང་ཁྱེར་ཡོངས་སུ་བློ་སེམས་གཅིག་མཐུན་ངང་ཕྱོགས་གཉིས་ཀར་བསྐྱོད་པ་བཅས་ལས་བདེ་ཆེན་གྱི་ས་གནས་དེ་གའི་རྐང་རྩེད་སྤོ་ལོའི་འཕེལ་རྒྱས་ལོ་རྒྱུས་ཁྲོད་ཀྱི་ངོ་མཚར་ཆེ་བའི་ལེའུ་ཞིག་གྲུབ་ཡོད། ས་མཐོར་ལྷགས་པ་བརྒྱབ་རུང་སྔོ་ལྗང་གི་འགྲན་རར་ཡལ་བ་མེད། བརྩེ་སེམས་བཅངས་ནས་གོམ་པ་སྤོ་མཚམས་མི་འཇོག 2025/2026ལོའི་འགྲན་དུས་ཀྱི་རྔུལ་ཆུ་དང་གཟི་བརྗིད། ལས་གནས་བརྟན་སྲུང་དང་འཚར་ལོངས། སེམས་འགུལ་དང་གྲུབ་འབྲས་ཐོབ་པ་དེ་དག་མཐར་བདེ་ཆེན་གྱི་རྐང་རྩེད་སྤོ་ལོ་བརྟན་པོའི་ངང་མདུན་སྐྱོད་བྱེད་པའི་གཏིང་ཤུགས་དང་། བདེ་ཆེན་གྱི་ལུས་རྩལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་དང་། བདེ་ཆེན་གྱི་གྲོང་ཁྱེར་ཡར་རྒྱས་ཡར་བརྩོན་གྱི་གསོན་ཤུགས་བཅས་སུ་འགྱུར་རྒྱུ་རེད།


  • བདེ་ཆེན་གསར་འགྱུར།

འགྲན་རའི་ཕུགས་འདུན་སྙེགས་ནས་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་ལ་འབད་འཐབ་བྱེད་པ།——བདེ་ཆེན་རུ་ཁག་གིས2025/2026ལོའི་འགྲན་དུས་ཀྱི་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་གྱི་རྒྱང་སྐྱོད་ལམ་ཚད་དངོས་བྲིས།

ཞོགས་པ་བདེ་ལེཊ།འཛམ་གླིང་གི་སེམས་ཀྱི་ཉི་ཟླ།ཡང་ཐང་གི་རེ་ལྕག་མེ་ཏོག

ཡུན་ནན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྗང་མདོག་རྨང་གཞི་བརྟན་དུ་བཏང་བ།

བདེ་ཆེན་རུ་ཁག་རྐང་རྩེད་སྤོ་ལོའི་ཆད་གྲུག་ཁྲོད་ཁུན་མིང་རུ་ཁག་ལས་ཕམ་པ།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། མཚམས་སྤྲིན་འོག་གི་སུམ་རྩེན་གླིང་།

“གངས་ལྗོངས་རྩེར་ཐོན་ཆང་བསྙལ།མཐོ་སྒང་སྤུས་ལེགས་ཐོན་རྫས”སེམས་ཀྱི་ཉི་ཟླའི་རྒུན་ཆང་ཐོན་ཁུལ་དང་སྤུས་རྟགས་ཆང་བསྙལ་བཟོ་གྲྭའི་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་ཡུན་ནན་སློབ་ཆེན་དུ་ཕེབས་ནས་སློབ་གྲྭ་དང་ས་གནས་བར་གྱི་མཉམ་ལས་དོན་དག་ལ་འབྲེལ་མཐུད་བྱས།

ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com