སྡོད་ཁང་ཐོན་དབང་གི་དུས་ཡུན་ལོངས་རྗེས་ཁང་བདག་གིས་སྔར་བཞིན་ཁང་པའི་ཐོན་དབང་ལོངས་སུ་སྤྱད་ཆོག་གམ།

གྱོད་དོན།
ལྷ་བྱམས་ཀྱིས་སློབ་མཐར་ཕྱིན་རྗེས་ཀྱི་ལོ་ངོ་འགའི་རིང་ལ་འབད་བརྩོན་བྱས་པ་བརྒྱུད། ཉེ་ཆར་ཁང་པ་བར་སྦྱོར་ཀུང་སི་ཞིག་བརྒྱུད་དེ་གཞིས་ཁུལ་ག་གེ་མོ་ནས་ལག་བརྒྱུད་ཁང་པ་ཞིག་ཉོས་པས། ཟིང་ལོང་གི་གྲོང་ཁྱེར་དུ་རང་ལ་དབང་བའི་ཁྱིམ་ཚང་ཆུང་ཆུང་ཞིག་ཡོད་པར་གྱུར། ཡིན་ཡང་ཁོས་ཁང་པ་ཉོས་རྗེས། ཁང་པ་དེའི་བདག་དབང་འཛིན་ཡིག་གི་ཐོ་འགོད་དུས་ཚོད་ནི1986ལོ་ཡིན་པ་ཤེས། སྤྱིར་སྡོད་ཁང་གི་ཐོན་དབང་དུས་ཡུན་ལོ་ངོ70ཡིན་ལ། དེ་ལྟར་ན་ལྷ་བྱམས་ཀྱི་ཁང་པ་དེ་ལོ་ངོ35འགོར་རྗེས་ད་གཟོད་དུས་ཡུན་ལོངས་པ་རེད། ཁང་པའི་ཐོན་དབང་དུས་ཡུན་ལོངས་རྗེས་ཁང་པ་ཕྱིར་ལེན་སྲིད་དམ།
བཅའ་ཁྲིམས་དབྱེ་ཞིབ།
གྱོད་དོན་འདིའི་ནང་གི་བརྟན་ནོར་ཐོ་དེབ་སྟེང་བྲིས་པའི་ལོ་ངོ70རིང་གི་སྡོད་ཁང་ཐོན་དབང་ཞེས་པ་ནི། ཁང་ནོར་གཅིག་པུར་གོ་བ་མིན་པར། ཁང་པ་གནས་ཡུལ་གྱི་ས་ཞིང་གི་ཁེ་དབང་སྟེ། འཛུགས་སྐྲུན་བྱ་ཡུལ་གྱི་སྤྱོད་དབང་གི་དུས་ཡུན་ལོ་ངོ70ཡིན་པར་གོ་བ་རེད། ཁང་པ་ནི་བརྟན་ནོར་གྱི་དངོས་དབང་ཡིན་པའི་ཆ་ནས། དེའི་གཏོགས་ཁོངས་ལ་རྒྱུན་ཆགས་རང་བཞིན་གྱི་ཁྱད་ཆོས་ལྡན། ཡིན་ཡང་ཐོན་འབྱེད་ཚོང་གཉེར་པས་རྒྱལ་ཁབ་ཀྱི་ས་ཞིང་ལེན་སྐབས་ཐོབ་པའི་འཛུགས་སྐྲུན་བྱ་ཡུལ་གྱི་སྤྱོད་དབང་ལ་དུས་བཀག་ཡོད་པ་དང་། ཆབས་ཅིག་རང་རྒྱལ་གྱི་དངོས་དབང་གི་འབྲེལ་ཡོད་བཅའ་ཁྲིམས་ནང"ཁང་ས་གཞི་གཅིག་ཅན"གྱི་རྩ་དོན་གཏན་འབེབས་བྱས་ཡོད། དེས་ན་ས་ཞིང་གི་དུས་ཡུན་ལོངས་རྗེས་ས་སྟེང་གི་ཁང་པའི་དངོས་དབང་ལ་ཤུགས་རྐྱེན་ཐེབས་སྲིད་དམ།
སྒྲོག་སྤེལ་བྱས་ཟིན་པའི་དམངས་དོན་ཁྲིམས་གཞུང་ལ་བལྟས་ཡོང་ན། སྡོད་ཁང་འཛུགས་སྐྲུན་བྱ་ཡུལ་གྱི་སྤྱོད་དབང་དུས་ཡུན་ལོངས་ཚེ། རང་ཤུགས་སུ་མཐུད་འགྱངས་བྱེད་པ་རེད། དེ་ལྟར་བྱས་ན་ལག་བརྒྱུད་ཁང་པ་ཉོས་ཀྱང"ཁང་ལོ"ལ་སེམས་ཁྲལ་བྱེད་དགོས་པའི་གནད་དོན་ཐག་གིས་གཅོད་ཐུབ། ཡིན་ནའང་། མཐུད་འགྱངས་གྲོན་དངུལ་འཇལ་སྤྲོད་དང་ཆག་ཡང་དུ་གཏོང་རྒྱུ་དེ། རྗེས་མར་གསར་དུ་བཏོན་པའི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་བསྒྲུབ་དགོས།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན359པ། སྡོད་ཁང་འཛུགས་སྐྲུན་བྱ་ཡུལ་བཀོལ་སྤྱོད་བྱེད་དབང་གི་དུས་ཡུན་ལོངས་ཚེ་རང་ཤུགས་སུ་མཐུད་འགྱངས་བྱེད་པ་ཡིན། མཐུད་འགྱངས་གྲོན་དངུལ་འཇལ་སྤྲོད་དམ་ཆག་ཡང་དུ་གཏོང་ཚེ། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་བསྒྲུབ་དགོས།
སྡོད་ཁང་མིན་པའི་འཛུགས་སྐྲུན་བྱ་ཡུལ་བཀོལ་སྤྱོད་བྱེད་དབང་གི་དུས་ཡུན་ལོངས་རྗེས་མཐུད་འགྱངས་བྱས་ན། བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་བསྒྲུབ་དགོས། ས་ཆ་དེའི་སྟེང་གི་ཁང་པ་དང་དེ་བཞིན་བརྟན་ནོར་གཞན་དག་གི་གཏོགས་ཁོངས་ནི། གྲོས་དན་བཞག་ཡོད་ན་གྲོས་དན་ལྟར་བྱེད་པ་དང་། གྲོས་དན་བཞག་མེད་པའམ་གྲོས་དན་ངེས་གསལ་མིན་ན་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་བསྒྲུབ་དགོས།
དོན་ཚན་འདི་ནི་དམངས་དོན་ཁྲིམས་གཞུང་ལས་འཛུགས་སྐྲུན་བྱ་ཡུལ་གྱི་སྤྱོད་དབང་དུས་ཡུན(ཁང་པའི་ཐོན་དབང་དུས་བཀག)ཐད་ཀྱི་བཅའ་ཁྲིམས་གཏན་འབེབས་རེད། ལག་བརྒྱུད་ཁང་པའི་ཉོ་ཚོང་དེ་ཁང་པ་ཉོ་བའི་དགོས་མཁོ་ཆེ་བའི་ཉོ་བདག་ལ་མཚོན་ན་གདམ་གསེས་ཡག་པོ་ཞིག་ཡིན་མོད། ཡིན་ཡང་ཚང་མས་རྒྱ་ཁྱབ་ཏུ་དོ་སྣང་བྱེད་བཞིན་པ་ནི་ལག་བརྒྱུད་ཁང་པའི"ཁང་ལོའི"གནད་དོན་རེད། དཔེར་ན2016ལོའི་སྔ་གཞུག་ཏུ། ས་གནས་འགའ་ཤས་ཏེ་དཔེར་ན་ཀྲེ་ཅང་དུ་སྡོད་ཁང་འཛུགས་སྐྲུན་བྱ་ཡུལ་གྱི་སྤྱོད་དབང་དུས་ཡུན་ལོངས་པའི་གནད་དོན་བྱུང་མྱོང་། དུས་ཡུན་ལོངས་པའི་སྡོད་ཁང་འཛུགས་སྐྲུན་བྱ་ཡུལ་གྱི་སྤྱོད་དབང་གི་དུས་ཡུན་ནི་ལོ་ངོ20རིང་ཡིན་པས། དུས་ཡུན་གཅིག་རྗེས་གཉིས་མཐུད་དུ་ལོངས་པ་རེད། འདིའི་ཐད་ལ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད།
2016ལོའི་ཟླ11པར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི《ཐོན་དབང་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་ཐོན་དབང་ཁྲིམས་ལྟར་སྲུང་སྐྱོབ་བྱེད་པའི་སྐོར་གྱི་བསམ་འཆར》དང་ལོ་དེའི་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན། རྒྱལ་སའི་ཐོན་ཁུངས་པུའུ་ཟུར་པ(ད་ལྟའི་རང་བྱུང་ཐོན་ཁུངས་པུའུ)གཞུང་སྒྲུབ་ཐིང་གིས་ཀྲེ་ཅང་ཞིང་ཆེན་རྒྱལ་སའི་ཐོན་ཁུངས་པུའུ་ལ་ཁ་གཏད་པའི《སྡོད་ཁང་ཉུང་ཤས་འཛུགས་སྐྲུན་བྱ་ཡུལ་གྱི་སྤྱོད་དབང་དུས་ཡུན་ལོངས་པའི་གནད་དོན་ཇི་ལྟར་ཐག་གིས་གཅོད་པའི་སྐོར་གྱི་རེ་ཞུ》(ཀྲེ་ཅང་རྒྱལ་སའི་ཐོན་ཁུངས་པུའུ〔2016〕ཨང64པ)ལ《སྡོད་ཁང་ཉུང་ཤས་ཀྱི་འཛུགས་སྐྲུན་བྱ་ཡུལ་གྱི་སྤྱོད་དབང་དུས་ཡུན་ལོངས་པའི་གནད་དོན་ལེགས་པར་ཐག་གཅོད་པའི་སྐོར་གྱི་ཡིག་ལན》(རྒྱལ་སའི་ཐོན་ཁུངས་ཐིང་གི་ཡིག་འཕྲིན〔2016〕ཨང1712པ)ཡི་ཡིག་ལན་ནང་བསྟན་དོན། "སྡོད་ཁང་འཛུགས་སྐྲུན་བྱ་ཡུལ་སོགས་ས་ཆའི་སྤྱོད་དབང་དུས་ཡུན་ལོངས་རྗེས་མཐུད་འགྱངས་བྱེད་པའི་ཐད་བཅའ་ཁྲིམས་ཀྱི་བཀོད་སྒྲིག་མ་བྱས་སྔོན་ལ། སྡོད་ཁང་ཉུང་ཤས་འཛུགས་སྐྲུན་བྱ་ཡུལ་གྱི་སྤྱོད་དབང་དུས་ཡུན་ལོངས་རྗེས། གཤམ་གྱི་བར་བརྒལ་རང་བཞིན་གྱི་བྱེད་ཐབས་སྤྱད་དེ་ཐག་གིས་བཅད་ཆོག གཅིག མཐུད་འགྱངས་རེ་ཞུ་བྱེད་མི་དགོས། སྡོད་ཁང་འཛུགས་སྐྲུན་བྱ་ཡུལ་གྱི་སྤྱོད་དབང་དུས་ཡུན་ལོངས་རྗེས། ཁེ་དབང་མིས་ཆེད་དུ་མཐུད་འགྱངས་རེ་ཞུ་འདོན་མི་དགོས། གཉིས། གྲོན་དངུལ་མི་བསྡུ་པ། གསུམ། ཉོ་ཚོང་དང་ཐོ་འགོད་ཀྱི་འགྲོ་ལུགས་རྒྱུན་ལྡན་ལྟར་སྒྲུབ་པ།"
རང་རྒྱལ་གྱི་དམངས་དོན་ཁྲིམས་གཞུང་གིས་ཧ་ལམ་ཡིག་ཆ་འདིའི་དགོངས་དོན་རྒྱུན་བསྲིངས་ཡོད་དེ། སྡོད་ཁང་འཛུགས་སྐྲུན་བྱ་ཡུལ་གྱི་སྤྱོད་དབང་དུས་ཡུན་ལོངས་རྗེས་རང་ཤུགས་སུ་མཐུད་འགྱངས་བྱེད་པ་ཡིན། མཐུད་འགྱངས་གྲོན་དངུལ་འཇལ་སྤྲོད་དམ་ཆག་ཡང་གཏོང་རྒྱུ་དེ། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་བསྒྲུབ་དགོས་པ་ནན་གྱིས་བསྟན་ཡོད། །
- བདེ་ཆེན་གསར་འགྱུར།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། དཔྱིད་ཀྱི་མེ་ཏོག
ཁུལ་སྲིད་གཞུང་གིས་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་སྐྱོད་བྱེད་པའི་ཆེད་དོན་ཚོགས་འདུ་འཚོགས།
མྱི་ཟུར་ཡུལ་དུ་རི་སྐྱེས་ཀྲུང་ཧྭའི་དོམ་ཆུང་རྒྱུ་བ་མཐོང་།
ལུའོ་ཁྲའོ་ཧྥེང་གིས“ཆུའི”ཐོན་ལས་ལ་བརྟག་ཞིབ་གནང་སྐབས་ཐོན་ཁུངས་བསྡུ་སྒྲིལ་ཅི་སྤྱོད་བྱས་ནས་ཆུ་དང་འབྲེལ་བའི་ལས་རྣམ་གསར་པའི་འཕེལ་རྒྱས་མགྱོགས་སུ་བཏང་སྟེ་ནུས་ཤུགས་ཡོད་རྒུས“ཆུའི”ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ།
ཁུལ་ཡོངས་ཀྱི་ནར་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།ལུའོ་ཁྲའོ་ཧྥེང་གིས་མཆན་འགོད་མཛུབ་སྟོན་གནང་བ་དང་། ཞུས་སི་སི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།
སེམས་ཀྱི་ཉི་ཟླར་བཀྲ་ཤིས་པའི་ཁ་བ་བབས་བྱུང་།
ཀྲང་ཝེ་ཏུང་གིས་ཡུན་ནན་འཛུགས་སྐྲུན་ཚོགས་པ་དང་མཇལ་འཛོམས་བྱས།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། དཔྱིད་ཀྱི་མཛེས་ཉམས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108