ཁུལ་ཨུའི་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཁུལ་སྐྱོང་བའི་ལས་ཀའི་གྲོས་ཚོགས་འཚོགས་པ།

ཟླ་4པའི་ཚེས་22ཉིན་ཁུལ་ཨུའི་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཁུལ་སྐྱོང་བའི་ལས་ཀའི་གྲོས་ཚོགས་འཚོགས་ཏེ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་ཀའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། དུས་རབས་གསར་བའི་ཏང་གི་བོད་སྐྱོང་མཛད་ཇུས་དང་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་ཀའི་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུའི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་པ་དང་། ཁྲིམས་སྐྱོང་འཛུགས་སྐྱོང་ནུས་པ་མུ་མཐུད་ཆེ་རུ་བཏང་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱས་ཡོད།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་པའོ་ཧྥུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་ཚོགས་འདུར་ཞུགས་ཡོད།
ཚོགས་འདུའི་ཐོག་ཁྲིམས་སྐྱོང་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བའི་འགན་ལེན་གལ་ཆེན་ཞིག་ཡིན་པས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་ལྷིང་བཅས་ཀྱི་དོན་ཆེན་བཞི་མུ་མཐུད་དམ་འཛིན་གཏིང་ཟབ་བྱེད་པར་ཁྲིམས་སྐྱོང་གི་སྣེ་ཁྲིད་དང་། སྐུལ་འདེད། ཚད་ལྡན། འགན་ལེན་བཅས་དང་ཁ་འབྲལ་ཐབས་མེད། ཁྲིམས་སྐྱོང་འཛུགས་སྐྱོང་ལ་བརྟེན་ནས་བདེ་ཆེན་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་ཁྲིམས་སྐྱོང་གི་རྩ་བ་བརྟན་དུ་གཏོང་བ་དང་། སྔོན་དཔག་བརྟན་དུ་གཏོང་བ། ཕུགས་ལ་ཕན་པ་བཅས་ཀྱི་འགན་ལེན་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱས་ཏེ་ཚད་གཞི་དེ་བས་མཐོ་བ་དང་། བླང་བྱ་དེ་བས་ནན་པ། བྱ་ཐབས་དེ་བས་ཏན་ཏིག་བཅས་ཀྱི་སྒོ་ནས་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཁུལ་སྐྱོང་བའི་ལས་ཀའི་ཁག་ལ་སྐུལ་འདེད་གཏོང་དགོས། ཁྲིམས་སྐྱོང་ལ་བརྟེན་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ། མཐའ་ཚད་ཀྱི་བསམ་བློ་བརྟན་པོ་འཛུགས་པ་བཅས་བྱས་ཏེ་རང་རྟོགས་ངང་ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་དེ་བས་ལེགས་པའི་ངང་འགོག་ཟོན་དང་སེལ་དགོས། ཁྲིམས་ལྟར་ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་གཏིང་ཟབ་བྱེད་པ། རྒྱལ་ཁབ་བདེ་འཇགས་ལས་ཀའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་སྐྱོང་སློབ་གསོ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། ཁྲིམས་ལྟར་མི་རིགས་ཆོས་ལུགས་ལས་ཀའི་བཅོས་སྐྱོང་བྱེད་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཡག་པོ་བྱེད་དགོས། བོད་བརྒྱུད་ནང་བསྟན་ལས་དོན་ཁྲིམས་ལྟར་ཚད་ལྡན་དོ་དམ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཁྲིམས་སྐྱོང་གི་ལམ་བུའི་ཐོག་རང་ཁུལ་འདི་ཉིད་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ཚད་ཤིང་དུ་འགྱུར་བར་བྱེད་དགོས། གཞི་རིམ་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། རིམ་ཁག་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་སེལ་ཤུགས་ཆེ་རུ་གཏོང་བ། ཡིག་བསྐུར་ངོ་བཅར་ལས་ཀའི་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་ངང་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་དགོས། ཁྲིམས་ལུགས་ཁྱབ་གདལ་གྱི་ལས་ཀའི་ལམ་སྲོལ་དོན་འཁྱོལ་བྱས་ཏེ་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་ཀྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཐད་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་ཁྲིམས་སྐྱོང་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་ཡོད།
ཚོགས་འདུའི་ཐོག་ཁྲིམས་སྐྱོང་འཛུགས་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ཁྲིམས་སྐྱོང་འཛུགས་སྐྱོང་ལ་བརྟེན་ནས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་རམ་འདེགས་བྱེད་པ། ཚོང་གཉེར་ཁོར་ཡུག་འཛུགས་སྐྱོང་འགན་ལེན་བྱེད་པ། མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་ཞབས་འདེགས་ཞུ་བ་བཅས་བྱེད་དགོས། ཁྲིམས་སྐྱོང་འཛུགས་སྐྱོང་ལ་བརྟེན་ནས་ཡུན་ནན་ནུབ་བྱང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ། སྐྱེ་ཁམས་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བ་དང་སྐྱེ་ཁམས་སྲུང་སྐྱོང་ལ་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལ་ཁྲིམས་ལྟར་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་ཁྲིམས་སྐྱོང་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་སྣེ་ཁྲིད་དམག་དཔུང་དུ་འགྱུར་བར་བརྩོན་ལེན་བྱེད་དགོས་པའི་ནན་བཤད་གནང་ཡོད།
ཚོགས་འདུའི་ཐོག་ཏང་གིས་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་དགོས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཁུལ་སྐྱོང་བའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་དགོས། 《ཀྲུང་གོ་གུང་ཁྲན་ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་འགོ་ཁྲིད་བྱེད་པའི་ལས་དོན་སྲོལ་ཡིག》ལག་བསྟར་ནན་པོ་བྱེད་པ་དང་། ཏང་གི་འགོ་ཁྲིད་ཀྱིས་ཁྲིམས་ལྟར་ཁུལ་སྐྱོང་བའི་ལས་ཀའི་ལམ་སྲོལ་འཐུས་ཚང་དང་དོན་འཁྱོལ་བྱ་དགོས། ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ་དང་། འགོ་ཁྲིད་ལས་བྱེད་པའི་“གནད་འགག་ཉུང་ཤས”འདི་དམ་འཛིན་བྱས་ཏེ། ཁྲིམས་སྐྱོང་ལས་ཀའི་དཔུང་ཁག་སྟོབས་ཆེར་གཏོང་དགོས་པ་དང་། ཏང་གིས་ཁྲིམས་འཛུགས་ཀྱི་འགོ་ཁྲིད་པ། ཁྲིམས་བསྟར་འགན་ལེན་དང་ཁྲིམས་འཛིན་ལ་རྒྱབ་སྐྱོར། སྣེ་ཁྲིད་དེ་ཁྲིམས་སྲུང་གི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། གཞི་གཅིག་ཅན་གྱིས་ཁྲིམས་སྐྱོང་བདེ་ཆེན་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཁྲིམས་སྐྱོང་འཛུགས་སྐྲུན་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
ཀྲུའུ་ཧུང་དང་། ལུའུ་ཀྲི་ཅུན། ཞུང་ཝུན་པིན། ཡུས་ཡུང་ཧུང་། ལིའུ་ཐེན་མིང་བཅས་པ་དང་དེ་བཞིན་ཁུལ་ཨུའི་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཁུལ་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ཚན་པའི་འབྲེལ་ཡོད་འགན་འཁུར་བ་ཚོགས་འདུར་ཞུགས་ཡོད། ཚོགས་འདུ་དེ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་རྫོང་(གྲོང་ཁྱེར)ཁག་སོ་སོར་འཚོགས་ཡོད།
- བདེ་ཆེན་གསར་འགྱུར།
ཁུལ་ཨུའི་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཁུལ་སྐྱོང་བའི་ལས་ཀའི་གྲོས་ཚོགས་འཚོགས་པ།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། ཅིན་ཅང་གི་དཔྱིད་རྣམ། མདོག་ལྔའི་ཞིང་གྲོང་།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། མཐོ་སྒང་ཡུལ་དུ་མེ་ཏོག་བཞད། སྟག་མཆོང་གྲོག་རོང་གི་རི་ཚོགས་ཀྱི་མཛེས་པ།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཁུལ་བོད་སྨན་ཁང་དུ་བརྟག་ཞིབ་གནང་སྐབས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་ཐོན་ལས་འཁོར་འབྲེལ་ཧྲིལ་པོར་བརྟེན་ནས་ཁུལ་ཡོངས་ཀྱི་ཀྲུང་བོད་གསོ་རིག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། མཐོ་སྒང་ཡུལ་དུ་མེ་ཏོག་བཞད། སེམས་ཀྱི་ཉི་ཟླ་སྔར་ལས་མཛེས།
ལུའོ་ཁྲའོ་ཧྥེང་ལྷོ་ཕྱོགས་གློག་དྲ་ཡུན་ནན་བདེ་ཆེན་གློག་འདོན་ཅུས་སུ་བརྟག་ཞིབ་གནང་བར་ཕེབས་སྐབས་མཁོ་སྤྲོད་འགན་ལེན་དང་། དགོས་མཁོ་ཆེར་གཏོང་། ནུས་རྒྱུའི་གྲངས་གཞི་ཆེན་པོར་བརྟེན་ནས་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་དགོས་པའི་ནན་བཤད་གནང་བ།
ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འཇོལ་རྫོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ས་གནས་ས་ཐོག་གི་ཚོགས་འདུ་འཚོགས་ནས་གོ་སྐབས་དམ་འཛིན་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་ཞེས་ནན་བཤད་གནང་བ།
ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པ་ཤང་དུ་ནགས་སྐོར་ལ་ཕེབས་ནས་རིག་གནས་ཡུལ་སྐོར་ཐོན་ལས་ཚད་ལྡན་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་བ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108