ལུའོ་ཁྲའོ་ཧྥེང་གིས་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་བརྟག་ཞིབ་གནང་།

ཟླ་4་པའི་ཚེས་7་ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་བརྟག་ཞིབ་གནང་བ་དང་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་། ཁོས་དུས་རབས་གསར་པའི་རྒན་གསོ་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པ་མཐའ་འཁྱོངས་དང་སྣ་མང་ཅན་གྱི་རྒན་གསོའི་ཞབས་ཞུ་མ་ལག་མགྱོགས་མྱུར་ངང་སྐྲུན་ནས་ཁུལ་ཡོངས་ཀྱི་རྒན་གསོའི་ཞབས་ཞུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བ་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་གྱི་ས་ཁོངས་རང་བཞིན་གྱི་རྒན་གསོའི་ཞབས་ཞུ་ལྟེ་གནས་སུ། ལུའོ་ཁྲའོ་ཧྥེང་གིས་སྒྲིག་གཞིའི་འགན་འཁུར་བ་དང་སྤེལ་རེས་གཏིང་ཟབ་གནང་སྟེ་གཉེར་སྐྱོང་བྱེད་སྟངས་དང་གྲོན་བསྡུའི་ཚད་གཞི། ཞབས་ཞུའི་ནང་དོན་བཅས་རྒྱུས་ལོན་ཞིབ་ཚགས་བྱས། ཁུལ་རྒན་གསོའི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་གྲོང་ཁུལ་ཞབས་ཞུའི་དཔེ་སྟོན་ས་ཚིགས་སུ། ལུའོ་ཁྲའོ་ཧྥེང་གིས་ཡུལ་དངོས་སུ་རྒན་རྒོན་གྱི་བཟའ་བཏུང་དང་རིག་གནས་རོལ་རྩེད། བདེ་ཐང་བྱེད་སྒོ་སོགས་རྣམ་གྲངས་ཀྱི་ཞབས་ཞུའི་གནས་ཚུལ་ལ་ལྟ་ཞིབ་བྱས། ཁུལ་ཆི་ལིན་རྒན་གསོའི་ཞབས་ཞུ་ལྟེ་གནས་སུ། ལུའོ་ཁྲའོ་ཧྥེང་གིས་དམངས་གཉེར་སྒྲིག་གཞིའི་ཞབས་ཞུ་བྱེད་སྟངས་དང་ཐོན་ཁུངས་བཀོད་སྒྲིག ཁྲོམ་ར་རྒྱ་ཆེར་གཏོང་བ་སོགས་ཐད་ཀྱི་འཚོལ་ཞིབ་ལག་ལེན་ལ་རྒྱུས་ལོན་ནན་ཏན་བྱས། ཁུལ་རྒན་གསོའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་སུ་ལུའོ་ཁྲའོ་ཧྥེང་གིས་རྒན་གསོའི་སྡོད་གནས་དང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་། རིག་གནས་རོལ་རྩེད་སྤྲོ་གསེང་སོགས་ནུས་པའི་ས་ཁོངས་ལ་རེ་རེ་བཞིན་ལྟ་ཞིབ་བྱས་པ་མ་ཟད། གནས་སྡོད་བྱེད་མཁན་རྒན་རྒོན་དང་སྤེལ་རེས་གཏིང་ཟབ་བྱས་ནས་ཚང་མར་གཟུགས་པོ་གཅེས་སྐྱོང་དང་ཚེ་མཇུག་བདེ་སྐྱིད་གཏོང་དགོས་པའི་མངགས་བཅོལ་གནང་།
དེ་རྗེས་འཚོགས་པའི་བཞུགས་མོལ་ཚོགས་འདུའི་ཐོག ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་ཀྱི་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་དང་དེ་བཞིན་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གཉིས་པའི་རེས་སྐོར་བཞི་པའི་ཚུར་ལན་གནད་དོན་དག་ཐེར་ལས་དོན་གྱི་གནས་ཚུལ་སྙན་སེང་ཞུ་བ་ལ་གསན།

ལུའོ་ཁྲའོ་ཧྥེང་གིས་རྒན་གསོའི་བྱ་གཞག་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་ཞིབ་ཚགས་བསྟར་བ་དང་། མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་གཅོག་ནས་ངེས་པར་དུ་ཡག་པོ་བསྒྲུབ་དགོས་པའི་དམངས་འཚོའི་བྱ་གཞག་ཅིག་ཡིན། ཀྲུང་ཧྭའི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་གཏོང་བའི་མཚོན་ཚུལ་གལ་ཆེན་ཞིག་ཡིན། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་ཡིན། ཁུལ་ཡོངས་རིམ་པ་ཁག་གི་ལས་ཁུངས་སོ་སོས་བསམ་བློའི་ངོས་འཛིན་དང་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་གཏོང་ནས་རྒན་གསོའི་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་རང་འགུལ་ངང་བསམ་བློ་གཏོང་བ་དང་ཏན་ཏིག་ངང་ལས་ཀ་ལས་པ། བརྩེ་སེམས་དང་ཤུགས་རྒྱག་སྟེ་རྒན་གསོའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་ནས་རྒན་རྒོན་ཚོར་བདེ་སྐྱིད་ལྡན་པའི་ཚེ་མཇུག་ལོངས་སུ་སྤྱོད་ཐུབ་དགོས་ཞེས་ནན་གསུང་གནང་།
ལུའོ་ཁྲའོ་ཧྥེང་གིས་རྒན་གསོའི་ཞབས་ཞུའི་མཁོ་སྤྲོད་རྣམ་པ་འཐུས་ཚང་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རིམ་པ་གསུམ་པའི་རྒན་གསོ་ཞབས་ཞུའི་དྲ་རྒྱ་ཤུགས་ཆེན་ངང་སྐྲུན། ནུས་ལྡན་སྲིད་གཞུང་དང་ནུས་ལྡན་ཁྲོམ་ར་ཟུང་འབྲེལ་སྔར་བས་ལེགས་པ་བྱེད་པར་སྐུལ་འདེད་གཏོང་། ཁྱིམ་སྡོད་རྨང་གཞིར་བྱེད་པ་དང་སྡེ་ཁུལ་རྒྱབ་རྟེན་བྱེད་པ། སྒྲིག་གཞིས་ཆེད་ལས་ལ་འདེགས་སྐྱོར་བྱེད་པ། སྨན་བཅོས་དང་གསོ་སྐྱོང་ཟུང་འབྲེལ་བྱེད་པ་བཅས་ཀྱི་རྒན་གསོ་ཞབས་ཞུའི་མཁོ་སྤྲོད་མ་ལག་ལེགས་སུ་གཏོང་ནས་རྒན་རྒོན་གྱི་རིམ་པ་མང་བ་དང་སྣ་མང་ཅན་གྱི་རྒན་གསོ་ཞབས་ཞུའི་དགོས་མཁོ་སྔར་བས་ལེགས་པའི་སྒོ་ནས་སྐོང་དགོས། རྒན་གསོའི་ཞབས་ཞུ་བྱ་ཡུལ་གྱི་འཆར་འགོད་དང་འཛུགས་སྐྲུན། གཉེར་སྤྱོད། དོ་དམ་བཅས་ཚན་རིག་དང་མཐུན་པའི་ངང་ལེགས་པར་བསྒྲུབས་ཏེ་དགོས་མཁོར་གཞིགས་ནས་མཁོ་སྤྲོད་གཏན་འཁེལ་བྱེད་ཅེས་པའི་ལུགས་མཐུན་བཀོད་སྒྲིག་མཐའ་འཁྱོངས་དང་ལྟ་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་། ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ། བེད་མེད་དུ་ལུས་པའི་རྒྱུ་ནོར་ཕན་སྒྱུར་གང་ལེགས་བྱེད་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ། སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བའི་ཡུན་རིང་གི་རྩིས་ཐོ་ཞེས་པ་དང་དམངས་འཚོའི་རྩིས་ཐོ་ཞེས་པ་རྩིས་ཡག་པོ་རྒྱག་ནས་རྒན་གསོ་ཞབས་ཞུའི་སྒྲིག་བཀོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པར་འགན་ལེན་བྱེད་དགོས། ཞབས་ཞུའི་འགན་ལེན་ནུས་པ་ཤུགས་ཆེ་རུ་གཏོང་ནས་རྒན་གསོ་ཞབས་ཞུའི་ཡིད་དབང་འགུག་ཤུགས་དང་ཁྱབ་གདལ་རང་བཞིན་ཆེ་རུ་གཏོང་སྟེ་རྒན་རྒོན་ཡོང་འདོད་པ་དང་སྡོད་ཐུབ་པ་བྱེད་བཅུག་དགོས། རྒན་རྒོན་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་ནས་རྒན་གསོ་ཞབས་ཞུའི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་སྟེ་རྒན་གསོའི་བྱ་གཞག་དང་རྒན་གསོའི་ཐོན་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་བས་འཕེལ་བ་བྱེད་དགོས། ཚུར་ལན་གནད་དོན་དག་ཐེར་ལེགས་བཅོས་བྱ་བར་དམ་འཛིན་ཡག་པོ་བྱས་ཏེ་རང་འགུལ་ངང་ལས་དོན་སྒྲུབ་པ་དང་ལག་ལེན་བསྟར་ནས་ལེགས་བཅོས་བྱས་ཏེ་དག་ཐེར་ལེགས་བཅོས་ཀྱི་ཕན་འབྲས་དངོས་ལ་བརྟེན་ནས་ཁུལ་ཡོངས་ཀྱི་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་ཞེས་བླང་བྱ་བཏོན།
ཞུང་ཝུན་པིན་དང་ཡུས་ཀུའེ་ཧྥུན། ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་བརྟག་ཞིབ་ནང་ཞུགས།
责任编辑:རྣམ་འཇོམས་ཚེ་རིང་།
- བདེ་ཆེན་གསར་འགྱུར།
ལུའོ་ཁྲའོ་ཧྥེང་གིས་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་བརྟག་ཞིབ་གནང་།
དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་རྡོ་མཁར་རྫོང་དུ་བོད་ཆས་ཡུལ་སྐོར་བས་དགའ་བསུ་ཆེན་པོ་ཐོབ་པ།
བདེ་ཆེན་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་སྔོན་ལ DRG དངུལ་སྤྲོད་གཙང་རྩིས་བརྒྱབ་པ།
2025ལོར་བདེ་ཆེན་ཁུལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་་
རྒྱལ་ཐང་རྒྱལ་བདེ་གྲོང་ཚོའི་སྲོལ་རྒྱུན་དཔྱིད་རྨོད་ཀྱི་མཐོང་ཐོས།
ཞོཊ་པ་བདེ་ལེཊ།འཛམ་གླིང་གི་སེམས་ཀྱི་ཉི་ཟླ།བོད་ཁང་འགྲམ་གྱི་ཁམ་སྡོང་།
དྲི་བར་ལྔར་ལན་བསྐྱོན་ནས་འབབ་འཕར་ལ་སྐུལ་འདེད་གཏོང་བ།ཉི་ཤར་ཤང་གིས་ཞིང་ལས་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ།
ཁུལ་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་ཐེངས་84པ་འཚོགས་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108