ཉི་ཤར་རྫ་ནག་ཀུན་ལ་གྲགས། དམངས་ཀྱི་འཚོ་བ་གོང་དུ་འཕེལ།

འདི་ནི་ཉི་ཤར་ཤང་ཐང་སྟོད་གྲོང་ཚོའི་གྲོང་མིའི་སྡོད་ཁང་ཡིན་པ།
ཀུན་ལ་རླུང་ལྟར་གྲགས་པའི་ཉི་ཤར་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཁོངས་སུ་གནས་པའི་ས་ཆ་ཞིག་ཡིན་པ་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་བར་ཐག་སྤྱི་ལེ་30ཙམ་ཆོད་ཡོད། ཁ་རྒྱུན་དུ་ཉི་མ་ཤར་སའི་མཚམས་སུ་གནས་པས་ཉི་ཤར་ཞེས་འབོད་པར་གྲགས། བོད་ཀྱི་ལོ་རྒྱུས་ཀྱི་དལ་འབབ་རིང་མོའི་ཁྲོད་ཉི་ཤར་ནི་ཇ་རྟ་ཚོང་ལམ་གྱི་འགྲུལ་ལམ་གལ་ཆེན་ཞིག་ཡིན་པ་དང་། དེ་གར་སྔ་མོ་ཞིག་ནས་སྤུས་ལེགས་ཀྱི་རྫ་ནག་བཟོ་སྲོལ་ཡོད་པ་རེད། གནའ་རྫས་རྟོག་ཞིབ་ལ་གཞིགས་ན་ས་ཆ་དེ་གའི་དམངས་ཁྲོད་ཀྱི་རྫ་བཟོའི་ལག་རྩལ་ལ་ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ལྡན་པ་དང་།ཉི་ཤར་རྫ་ནག་ལ་མཚོན་ན་ཀྲུང་གོའི་རྫ་ནག་སྒྱུ་རྩལ་ཁྲོད་དུ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་དག་ཅིག་ལྡན་པས། ཡུན་ནན་གྱི་ས་ཁོངས་ཙམ་མ་ཟད་ཡུལ་གྲུ་མང་དག་ཅིག་ལ་སྐད་གྲགས་ཆོད་ཡོད། ཐང་སྟོད་གྲོང་ཚོ་ནི་ཉི་ཤར་རྫ་ནག་བཟོ་སའི་ལྟེ་གནས་ཤིག་ཡིན་ཁར། ཐང་སྟོད་གྲོང་ཚོའི་རྫ་ནག་ནི་ཉི་ཤར་རྫ་ནག་གི་ཚབ་མཚོན་ཡིན་པས། ཉི་ཤར་རྫ་ནག་ཅེས་འབོད་ཚེ་ཐང་སྟོད་གྲོང་ཚོ་ཡིད་ལ་ཝ་ལེར་འཆར་ངེས། ད་ཆ་ཉི་ཤར་ཤང་གི་ཁོངས་གཏོགས་ཐང་སྟོད་གྲོང་ཚོའི་རྫ་ནག་བཟོ་རྩལ་ལ་མགྲིན་དབྱངས་གཅིག་གིས་བསྔགས་བརྗོད་བྱེད་བཞིན་ཡོད་པ་དང་། ཉི་ཤར་ཤང་ཐང་སྟོད་གྲོང་ཚོའི་རྫ་ནག་ཐོན་རྫས་མི་འདྲ་བ་དེ་དག་སྤོས་གཞོང་ལས་ལྡང་བའི་དྲི་བསུང་བཞིན་གང་སར་ཁྱབ་བཞིན་མཆིས།

འདི་ནི་རྫ་ནག་ཐོན་རྫས་ཡིན་པ།
སྔོན་ཆད་ཉི་ཤར་ཤང་ཐང་སྟོད་གྲོང་ཚོའི་གྲོང་མི་ཚོས་རྫ་ནག་བཟོ་བའི་རྨང་གཞིའི་ཐོག་གཙོ་བོ་བེ་ཤ་དང་ས་ཞིང་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། མིག་སྔར་ཡུལ་སྐོར་གྱི་ཚ་རླབས་དྲག་ཏུ་འཕྱོ་བའི་དུས་སྐབས་ཤིག་ཡིན་ཁར། ཉི་ཤར་ཤང་ནི་རྒྱལ་ལམ་214མཚམས་སུ་གནས་པའི་དབང་གིས་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་པོ་ཡོད་སྟབས། ཉི་ཤར་ཤང་དུ་རྫ་ནག་གི་ཐོན་རྫས་ལྟ་མཁན་གྱི་སྐུ་མགྲོན་དང་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བཞིན་ཡོད།

འདི་ནི་རྫ་ནག་ཐོན་རྫས་ཡིན་པ།
2008ལོའི་ཟླ་6པར་ཉི་ཤར་གྱི་རྫ་ནག་བཟོ་རྩལ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་མིང་གཞུང་ཁག་གཉིས་པའི་ནང་བདམས་རྗེས“སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། སྤྱི་ཚོགས་ཀྱིས་ཐེ་ཞུགས་བྱེད་པ། དམངས་ཡོངས་ཀྱིས་མ་འཇོག་བྱེད་པ”བཅས་ཀྱི་སྲུང་སྐྱོང་འཕེལ་རྒྱས་ཀྱི་རྣམ་པ་གཞིར་བཟུང་ཞིང་། དགེ་སློབ་ཀྱི་རྒྱུན་འཛིན་ལ་སྐུལ་མ་ཧུར་ཐག་གཏོང་བ་དང་། དམངས་ཁྲོད་ཀྱི་བཟོ་ཁང་འཛུགས་རྒྱུར་ཁྲིད་སྟོན་བྱེད་པ། རྫ་ནག་ཐོན་རྫས་གསར་གཏོད་བྱེད་པ། ཚོང་གཉེར་བྱེད་སྟངས་གཏོད་པ་བཅས་བྱས། རྫ་བཟོའི་ལས་ལ་གཞོལ་མཁན་ཉི་རེ་ལས་མ་འདས་པར་མང་དུ་འགྲོ་བ་དང་། ཁོང་རྣམ་པའི་འབད་བརྩོན་འོག་ཉི་ཤར་རྫ་ནག་གི་མཚན་སྙན་ཡར་ངོའི་ཟླ་ལྟར་གོང་དུ་འཕེལ་བཞིན་མཆིས། ད་ཆ་རྫ་ནག་བཟོ་རྩལ་དེ་ཐང་སྟོད་གྲོང་ཚོའི་མིང་བྱང་གལ་ཆེན་ཞིག་ཏུ་གྱུར་ཡོད།

འདི་ནི་བགྲེས་སོང་སྐལ་བཟང་དབང་འདུས་ཀྱིས་རྫ་ནག་ཐོན་རྫས་བཟོ་བཞིན་པ།
བགྲེས་སོང་སྐལ་བཟང་དབང་འདུས་ནི་ཐང་སྟོད་གྲོང་ཚོའི་ས་སྐྱེས་རྡོ་སྐྱེས་ཀྱི་མང་ཚོགས་ཤིག་ཡིན་པ་དང་། ཁོང་དགུང་ལོ་12སྐབས་ནས་རྫ་བཟོའི་ལག་རྩལ་ལ་སྤྲོ་བ་དཔག་མེད་ཡོད་མཁན་ཞིག་ཡིན་པས་ཁྱིམ་མིའི་འགྲམ་ནས་རྫ་ནག་ཐོན་རྫས་བཟོ་བའི་ལག་རྩལ་ཕུ་ཐག་ཆོད་པ་ཞིག་སྦྱངས། རྒྱུ་མ་ཕུ་འདེད་བྱས་ན་ཁོང་ནི་ཁྱིམ་ཚང་གི་རྫ་བཟོའི་ལག་རྩལ་རྒྱུན་འཛིན་བྱེད་མཁན་མི་ཐོག་དྲུག་པ་དེ་ཡིན་པ་དང་།དངོས་བརྒྱུད་མྱོང་གསུམ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པའི་ལག་རྩལ་བ་ཞིག་ཡིན་པས། ཁོང་གི་འགྲམ་དུ་རྫ་ནག་གི་བཟོ་རྩལ་སྦྱོང་མཁན་མང་པོ་ཡོང་གི་ཡོད་པ་རེད། བགྲེས་སོང་སྐལ་བཟང་དབང་འདུས་དར་མའི་སྐབས་རྫ་ནག་བཟོ་བའི་ཞོར་དུ་ཕྱི་ལ་སོང་ནས་ཡོང་འབབ་འཕར་མ་གསོག་གི་ཡོད། གཞན་ཡུལ་དུ་ལས་ཀ་བྱེད་པའི་སྐབས་སུ་རང་ཡུལ་ལ་ཡོད་པའི་རྫ་ནག་བཟོ་རྩལ་དེ་འོད་ཆིལ་ཆིལ་དུ་བཀྲ་བའི་མུ་ཏིག་རྡོག་ཅིག་ཡིན་པ་ཤེས་རྗེས། དགུང་ལོ་52ལ་སོན་སྐབས་རང་ཡུལ་དུ་ལོག་ནས་བློ་གཅིག་སེམས་གཅིག་གིས་རྫ་ནག་ཁོ་ན་བཟོ་བའི་ལས་ལ་གཞོལ། ད་ཆ་ཁོང་དང་རྫ་ནག་དབར་གྱི་འབྲེལ་བ་ཤིན་ཏུ་ཟབ་པས་ཆུ་དང་འོ་མ་འདྲེས་པ་བཞིན་གཞི་གཅིག་ཏུ་གྱུར་ཡོད་པ་རེད། གསར་འགོད་པས་ཁོང་ལ་མ་འོངས་པའི་ལོ་ཟླའི་ནང་ཉི་ཤར་རྫ་ནག་གི་འཕེལ་རྒྱས་གཏོང་ཕྱོགས་སྐོར་སྐད་ཆ་འདྲི་སྐབས། ཁོང་གིས“ང་རང་གི་ཞན་ཆ་ཆེ་ཤོས་ནི་ཤེས་བྱ་ཡོན་ཏན་མེད་པ་དེ་ཡིན། མི་ལ་ཤེས་ཡོན་མེད་གྱུར་ན། མི་སྐད་ཤེས་པའི་བོང་བུ་འདྲ་བ་ཞིག་ཡིན་པས། སླད་ཕྱིན་རྫ་བཟོའི་ལག་རྩལ་རྒྱུན་འཛིན་དང་གསར་གཏོད་ལེགས་པོ་བྱས་པའི་རྨང་གཞིའི་ཐོག་ཤེས་བྱ་རིག་གནས་ལ་འབད་བརྩོན་ལྷོད་མེད་བྱས་ནས་ཉི་ཤར་གྱི་རྫ་ནག་ཐོན་རྫས་དེ་བས་ཡངས་པའི་ལམ་བུར་འཁྲིད་ཐུབ་རྒྱུར་འབད་དགོས་ཞེས” བཤད།

འདི་ནི་ཉི་ཤར་ཤང་རྫ་ནག་གསར་སྤེལ་འགན་འཁྲི་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་གྲགས་པ་ཡིན་པ།
གྲགས་པ་ནི་བགྲེས་སོང་སྐལ་བཟང་དབང་འདུས་ཀྱི་བུ་ཡིན་པ་དང་ན་མཉམ་ཁྲོད་རྡོག་ཏུ་ཐོན་པ་ཞིག་ཡོད། ཁོང་ལོ་ན་16སྐབས་ནས་ལས་ཀྱི་རླུང་གིས་དེད་ནས་གཞན་ཡུལ་དུ་བསྐྱོད་དེ་བྱ་གཞག་གསར་གཏོད་ཀྱི་ལས་ལ་གཞོལ་བ་དང་། སྔར་ཕྱིར་ལས་རིགས་ཁག་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་འབུངས་པས་ཁོང་ལ་འབྲས་བུ་བཟང་པོ་ཞིག་སྨིན་ཡོད་པ་རེད། གཞན་ཡུལ་དུ་བྱ་གཞག་གསར་གཏོད་བྱེད་སྐབས་མི་ཚེ་རིག་གནས་སྤེལ་བའི་དོན་དུ་བསྔོས་པ་ནི་ཁོང་གིས་བྱེད་འདོད་པའི་བྱ་བ་གལ་ཆེན་ཞིག་སྟབས། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་མིང་གཞུང་ཁག་གཉིས་པའི་ནང་བདམས་པའི་ཉི་ཤར་གྱི་རྫ་ནག་བཟོ་རྩལ་གྱི་འཕེལ་རྒྱས་ལ་བསམ་བློ་མང་པོ་གཏོང་མྱོང་ཡོད་པ་རེད། 2018ལོར་ཁོང་རང་ཡུལ་དུ་ལོག་རྗེས་རྫ་ནག་བཟོ་རྩལ་འཕེལ་རྒྱས་གཏོང་བའི་ལམ་བུའི་ཁྲོད། ཆོས་པ་རང་ཡུལ་དུ་མ་བཀུར། ཚོང་པ་རྒྱུས་ཅན་དུ་མ་བྲིན་ཞེས་པའི་དཔེ་ལྟར་ཐོག་མར་རང་ཉིད་སྐྱེས་ས་འཚར་སའི་ཐང་སྟོད་གྲོང་ཚོའི་མང་ཚོགས་ཀྱི་ཡིད་ཆེས་རྩེ་གྲ་འཐོབ་རྒྱུ་ནི་ཉིན་མོའི་སྐར་མ་ལྟ་བུ་ཡིན་ཁར། ཁོང་ལ་དཀའ་སྡུག་མི་ཉུང་བ་ཞིག་འཕྲད་ཡོད་ཀྱང་། དཔྱིད་ཀ་ཐལ་རླུང་འཚུབ་འཚུབ་མ་བྱས་ན། སྟོན་ཀ་སྣུམ་ཞག་ཚིལ་ཚིལ་གང་ནས་ཡོང་ཞེས་པའི་དཔེ་ལྟར་ཁོང་གིས་ཚམ་ཚོམ་སྤུ་ཙམ་མེད་པར་དཀའ་སྡུག་གདོང་གིས་བསུས་ཤིང་། ཕམ་ཁ་མཐའ་དག་རྒྱལ་ཁའི་རྩ་བར་བཟུང་ནས་མུ་མཐུད་རྫ་ནག་འཕེལ་རྒྱས་ཀྱི་ལས་ལ་གཞོལ་བས། གྲུབ་འབྲས་ཉིན་རེ་ལས་མ་འདས་པར་མངོན་གསལ་དོད་དུ་སོང་བས་མང་ཚོགས་ཀྱི་ཚད་མཐོའི་གདེང་འཇོག་ཐོབ་ཡོད་པ་དང་།ཐུན་མོང་གི་འོས་སྦྱོར་འོག་ཁོང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་རྫ་ནག་གསར་སྤེལ་འགན་འཁྲི་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལ་གྱུར།ད་ཆ་ཉི་ཤར་གྱི་རྫ་ནག་ཐོན་རྫས་ཀྱི་འཕེལ་རྒྱས་ལམ་བུར་ཕྱིར་སློག་བྱེད་སྐབས། ཁོང་གིས་གཞོན་སྐྱེས་ཀྱི་རྫ་མཁན་བཟོ་མཁན་མང་དག་ཅིག་སྐྱེད་སྲིང་བྱེད་པར་བསྙོན་དུ་མེད་པའི་ནུས་པ་ཐོན་ཡོད་པ་རེད།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་རྫ་ནག་གསར་སྤེལ་འགན་འཁྲི་ཚད་ཡོད་ཀུང་སི་ནི་2003ལོར་བཙུགས་པ་དང་། མིག་སྔར་ཀུང་སི་དེར་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་1དང་། ཞིང་ཆེན་རིམ་པའི་རྒྱུན་འཛིན་པ་1 ཀྲོའུ་རིམ་པའི་རྒྱུན་འཛིན་པ་3 གྲོང་ཁྱེར་རིམ་པའི་རྒྱུན་འཛིན་པ་3བཅས་ཡོད་པ་རེད། ཉི་ཤར་ཤང་རྫ་ནག་གསར་སྤེལ་འགན་འཁྲི་ཚད་ཡོད་ཀུང་སིས“ཀུང་སི་དང་ཞིང་དུད་ཟུང་དུ་འབྲེལ་བའི་ཐབས་ལམ”བཀོལ་བའི་རྨང་གཞིའི་ཐོག དེང་རབས་ཁེ་ལས་ཀྱི་དོ་དམ་འདུ་ཤེས་སྤྱད་དེ་དམངས་ཁྲོད་རིག་གནས་སྔོག་འདོན་གང་ལེགས་བྱས་ནས། ཐོན་རྫས་ཕུན་སུམ་ཇེ་ཚོགས་སུ་གཏོང་ཁར་ཁེ་ལས་ཀྱི་ཕན་འབྲས་ཀྱང་ཆེ་རུ་གཏོང་གི་ཡོད་པ་རེད། ཀུང་སིས་ལོ་རེར་རྫ་ནག་ཐོན་རྫས་ཁྲི་ཡན་ཐོན་སྐྱེད་བྱེད་ཐུབ་པ་མ་ཟད། ཕྱིར་ཚོང་བྱས་པའི་ཡོང་འབབ་མ་མཐའ་ཡང་སྒོར་ཁྲི་བརྒྱ་ཡན་ཟིན་གྱི་ཡོད་པ་རེད། མིག་སྔར་ཁུན་མིང་དང་། དཀར་མཛེས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར། ལྷ་ས་སོགས་སུ་ཉི་ཤར་རྫ་ནག་གི་ཕྱིར་ཚོང་ས་ཚིགས་ཡོད་པ་དང་། དྲ་ལམ་ཐོག་ནས་ཀྱང་ཉི་ཤར་རྫ་ནག་ཉོ་ཆོག་གི་ཡོད་པ་རེད།
སྔར་སོང་གི་ལོ་ཟླའི་ནང་དུ་མེད་དུ་མི་རུང་བའི་འཚོ་བའི་མཁོ་ཆས་རྫ་ཁོག་དང་། བག་སླང་། མོག་ཕྲུ་སོགས་ཀྱི་རྫ་བཟོའི་ཐོན་རྗས་དེ་དག་ད་ཆ་ཕར་ལྟ་དུས་མིག་ལ་མཛེས་པོ་ཡོད་ཀྱང་། དེང་དུས་ཀྱི་འཚོ་བའི་ནང་དུ་དངོས་སྤྱོད་རང་བཞིན་དེ་ཙམ་ཆེན་པོ་མེད། རྫ་བཟོ་བ་རྣམ་པས་དུས་རབས་ཀྱི་དབྱངས་རྟ་དང་མཐུན་པའི་བསམ་བློ་ཁྱེར་ནས་སྐྱེ་བོའི་བློ་ཁ་དང་འཚམ་པའི་རྫ་ཆས་བཟོ་རྒྱུ་ནི་གལ་ཆེན་པོ་ཞིག་ཡིན་སྟབས། སྔར་ཡོད་ཀྱི་རྫ་ནག་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད་ཟུང་ཁྲག་གསར་པ་རྒྱུན་མི་ཆད་པ་བླུག་དགོས་ཀྱི་ཡོད་པ་སྨོས་མེད་ལགས། རྫ་བཟོ་བ་རྣམ་པས་ཁྲོམ་རའི་དགོས་མཁོ་དང་བསྟུན་ནས་པིར་སྣོད་དང་། ཕོར་པ། བུམ་པ་སོགས་རྫ་ནག་ཐོན་རྫས་རིགས་མི་འདྲ་བ་80ལྷག་བཟོས་ནས་ཕྱིར་ཚོང་བྱས་པས་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་ཡོད།

འདི་ནི་རྫ་བཟོའི་བརྒྱུད་རིམ་ཉམས་ལེན་བྱེད་པའི་ཡོ་བྱད་ཁག་ཡིན་པ།
ཉི་ཤར་རྫ་ནག་ལ་ལོ་ངོ་ལོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ལྡན་པ་དང་། རྫ་ནག་གི་བཟོ་རྩལ་ལ་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་རིན་ཐང་ལྡན་པ་མ་ཟད། རིག་གནས་ཀྱི་དོན་སྙིང་ཡང་ཟབ་མོ་ལྡན་ཡོད། ཐང་སྟོད་གྲོང་ཚོར་བོད་ཀྱི་རྫ་ནག་བཟོ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་ཐུབ་པས། ཐང་སྟོད་གྲོང་ཚོར་ཆེད་དུ་ཉམས་སུ་མྱོང་མཁན་གྱི་ཡུལ་སྐོར་བ་མང་པོ་ཡོད་པ་རེད།
ཀ་བ་གཅིག་གིས་གུར་མ་ཕུག ཨོང་བ་གཅིག་གིས་ཇ་མ་ཁོལ་ཞེས་པའི་གསུང་སྒྲོས་ཡོད་པས་འཕེལ་རྒྱས་ཀྱི་ལམ་བུའི་ཁྲོད་གཅིག་ལ་གཅིག་བརྟེན་བྱ་རྒྱུ་གལ་ཆེན་པོ་ཡིན་པ་རེད། ཉི་ཤར་རྫ་ནག་ལ་འཕེལ་རྒྱས་ཀྱི་གསོན་ཤུགས་རབ་ཏུ་རྒྱས་པའི་རྒྱུ་རྐྱེན་གལ་ཆེ་ཤོས་ཤིག་ནི་སྲིད་ཇུས་བཟང་པོའི་འོད་སྣང་འོག་རྫ་བཟོ་བ་རྣམ་པས་ཕྱར་བ་གྲུ་འདེགས་ཀྱིས་རྫ་ནག་བཟོ་རྩལ་རྒྱུན་འཛིན་དང་གསར་གཏོད་བྱས་པ་ལས་བྱུང་བ་ཞིག་ཡིན་པ་གོར་མི་ཆག
责任编辑:万玛措 此里追格
- བདེ་ཆེན་གསར་འགྱུར།
ཀུ་ཀུ་ཤ་མོ་བཏབས་ནས་གྲོང་མི་ཚོའི་ཕྱུག་འགྱུར་གྱི་ཕུགས་འདུན་བསྐྲུན།
རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་ཚུན་ཅིན་ཚན།
ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་80པ་འཚོགས་པ།
ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འབའ་ལུང་རྫོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ཡུལ་དངོས་ཚོགས་འདུ་འཚོགས་ནས། ཡིད་ཆེས་བརྟན་པོ་དང་འགག་སྒྲོལ་དཀའ་སེལ་གྱིས་འབའ་ལུང་གི་འཕེལ་རྒྱས་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནན་གྱིས་བསྟན།
ཁུལ་སྲིད་གཞུང་གིས་རྒྱུན་དོན་གྲོས་ཚོགས་ཐེངས་85པ་འཚོགས།
ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་རྒྱལ་ཁོངས་བར་སྟོང་སྤྱིའི་འཆར་འགོད་ཀྱི་འགུལ་རྣམ་སྲུང་སྐྱོང་ལས་དོན་ལ་ཞིབ་འཇུག་བྱས།
བདེ་ཆེན་རུ་ཁག་3-1གི་བསྡུར་ཚད་ཐོག་ཀྲའོ་ཐུང་རུ་ཁག་ལས་རྒྱལ་བ།
སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས155པ་འཚོགས་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108