ཟླ་2པའི་ཚེས་14ཉིན་གྱི་སྔ་དྲོར།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་དཔྱིད་གསར་དུས་ཆེན་གོང་གི་འཚམས་འདྲིའི་བྱེད་སྒོ་སྤེལ་ནས་ལས་ཡུལ་དང་པོའི་ལས་རེས་མི་སྣ་ཚོར་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་དང་འཚམས་འདྲིའི་དངུལ་སྤྲད་དེ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་གཞི་རིམ་གྱི་ལས་ཡུལ་དང་པོར་བསྐྱལ་བ་རེད།
ཀྲང་ཝེ་ཏུང་དང་བཅས་པས་ཁོར་ཡུག་འཕྲོད་བསྟེན་བཟོ་པ་དང་།སྔོ་འགྱུར་བཟོ་པ།གྲོང་ཁྱེར་དོ་དམ་ལས་དོན་མི་སྣ་བཅས་ཀྱི་འཐུས་མིར་འཚམས་འདྲི་གནང་བ།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཅུས་སུ་ཀྲང་ཝེ་ཏུང་དང་བཅས་པས་ཁོར་ཡུག་འཕྲོད་བསྟེན་བཟོ་པ་དང་། སྔོ་འགྱུར་བཟོ་པ གྲོང་ཁྱེར་དོ་དམ་ལས་དོན་མི་སྣའི་འཐུས་མི་སོགས་དང་བྱམས་བརྩེའི་ངང་སྤེལ་རེས་བྱས་པ་དང་། ཚང་མའི་ལས་ཀ་དང་འཚོ་བའི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ། ཁོང་ཚོས་ལོ་འཁོར་མོར་ལས་གནས་བརྟན་སྲུང་དང་གྲོང་ཁྱེར་གྱི་ཁོར་ཡུག་གཙང་སྦྲ་དང་གྲོང་ཁྱེར་གྱི་རྣམ་པའི་སྒྲིག་ལམ་སྲུང་སྐྱོང་བྱས་པར་བླ་ན་མེད་པའི་གུས་འདུད་ཞུས་པ་དང་འབྲེལ་ཚང་མར་འཚམས་འདྲིའི་དངུལ་ཡང་སྤྲད་པ་རེད།ཀྲང་ཝེ་ཏུང་གིས་ཚང་མར་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་པ་དང་ཆབས་ཅིག་གྲང་འགོག་དྲོད་སྲུང་དང་རང་ངོས་ཀྱི་འགོག་སྲུང་ཡག་པོ་བྱས་ནས་ལས་ཀ་དང་ངལ་གསོ་ལུགས་མཐུན་ངང་བཀོད་སྒྲིག་བྱས་ཏེ་རང་ངོས་ཀྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་ནན་མངག་གནང་།
ཀྲང་ཝེ་ཏུང་དང་བཅས་པས་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་འཚམས་འདྲི་གནང་བ་དང་འབྲེལ་མཉམ་འདྲེས་སྨྱན་སྦྱོར་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་ཀྱང་གནང་བ།
བདེ་ཆེན་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་ཀྲང་ཝེ་ཏུང་དང་བཅས་པས་ལས་ཡུལ་དང་པོའི་ལས་དོན་མི་སྣ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་དང་། ལས་ཀ་དང་འཚོ་བ། དེ་བཞིན་དུས་ཆེན་གྱི་ལས་རེས་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ། ཡུལ་དངོས་སུ་མཉམ་འདྲེས་སྨྱན་སྦྱོར་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་ནས་ལས་ཡུལ་དང་པོའི་གསར་འགྱུར་ལས་དོན་པར་གུས་འདུད་ཞུས་པ་རེད།ཀྲང་ཝེ་ཏུང་གིས་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གླེང་ཕྱོགས་དྲིལ་བསྒྲགས་ཁྲིད་སྟོན་དང་། དམངས་འཚོའི་ཆ་འཕྲིན་བརྒྱུད་སྤྲོད། ས་གནས་ཀྱི་གཟུགས་བརྙན་གཏོད་པ་སོགས་ཐད་བཏོན་པའི་ནུས་པ་གལ་ཆེན་ལ་ཁས་ལེན་གང་ལེགས་གནང་བ་དང་། ཁུལ་མཉམ་འདྲེས་སྨྱན་སྦྱོར་ལས་དོན་མི་སྣས་མུ་མཐུད་གླེང་ཕྱོགས་ཀྱི་གཡུལ་ས་བརྟན་སྲུང་དང་། དུས་ཆེན་རིང་གི་དྲིལ་བསྒྲགས་འཕྲིན་སྤེལ་དང་འཕྲལ་སྡོམ་ལས་རེས་ལས་དོན་ཡག་པོ་སྒྲུབ་པ། སེམས་ཀྱི་ཉི་ཟླའི་གཏམ་རྒྱུད་ཡག་པོ་ཤོད་པ། གཞི་རིམ་གྱི་ལས་ཡུལ་དང་པོའི་སྐད་སྒྲ་བརྒྱུད་སྤྲོད་བཅས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཀྲང་ཝེ་ཏུང་དང་བཅས་པས་སེམས་ཀྱི་ཉི་ཟླ་གནམ་ཐང་གི་ལས་དོན་མི་སྣའི་འཐུས་མི་དང་སེམས་ཀྱི་ཉི་ཟླ་གནམ་ཐང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པའི་འཐུས་མིར་འཚམས་འདྲི་ཞུས་པ།
སེམས་ཀྱི་ཉི་ཟླའི་གནམ་ཐང་གི་མཁའ་འགྲུལ་ས་ཚིགས་ཐོག་ཁང་དུ་ཀྲང་ཝེ་ཏུང་དང་བཅས་པས་གནམ་ཐང་གི་ལས་ཡུལ་དང་པོའི་ལས་བཟོའི་འཐུས་མི་དང་དེ་བཞིན་གནམ་ཐང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པའི་འཐུས་མི་དང་བྱམས་བརྩེའི་ངང་སྤེལ་རེས་བྱས་ཏེ་དུས་ཆེན་རིང་གི་དུས་གཏན་གནམ་གྲུ་བཀོད་གཏོང་དང་། བདེ་འཇགས་དོ་དམ་ཚོད་འཛིན། ཞབས་ཞུ་འགན་ལེན་སོགས་ཀྱི་ལས་ཀའི་བཀོད་སྒྲིག་དང་འདྲི་རྩད་ཞིབ་ཕྲ་བྱས་པ་མ་ཟད།གནམ་ཐང་གི་ལས་དོན་མི་སྣས་མཁའ་འགྲུལ་སྐྱེལ་འདྲེན་ཤར་གཏོང་འགན་ལེན་དང་འགྲུལ་པའི་ཕྱིར་སྐྱོད་ཉམས་ལེན་མཐོ་རུ་གཏོང་ཆེད་འབད་བརྩོན་བྱས་པ་དང་དེ་བཞིན་གནམ་ཐང་གི་སྤྱི་བདེ་མི་དམངས་ཉེན་རྟོག་པས་གནམ་ཐང་གི་བདེ་འཇགས་སྒྲིག་ལམ་སྲུང་སྐྱོང་དང་མཁའ་འགྲུལ་བདེ་འཇགས་བརྟན་སྲུང་བྱ་ཆེད་ཐུགས་རྗེ་ཆེ་ཞུས་པ་དང་། ཚང་མས་དུས་ཆེན་རིང་གི་དུས་གཏན་གནམ་གྲུ་འགན་ལེན་དང་། བདེ་འཇགས་ཞིབ་བཤེར། བདེ་འཇགས་སྔོན་འགོག་ཚོད་འཛིན་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་འགྲུལ་པ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ཕྱིར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
འཚམས་འདྲི་དང་ལེན་བྱེད་མཁན་ལས་ཡུལ་དང་པོའི་ལས་དོན་མི་སྣས་ལྕག་སྐུལ་ཆེན་པོ་ཐེབས་པ་དང་དྲོ་སྐྱིད་ཆེན་པོ་ཚོར་བྱུང་། ཐུགས་ཁུར་དེ་ལས་ཀའི་སྒུལ་ཤུགས་སུ་བསྒྱུར་ནས་དུས་ཆེན་རིང་ལས་རེས་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། ལས་གནས་བརྟན་སྲུང་། འགན་འཁྲི་གཙང་སྒྲུབ་བཅས་བྱས་ཏེ་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ཞབས་ཞུའི་འགན་ལེན་ལས་དོན་ཁག་ཡག་པོ་བསྒྲུབས་ནས་ནུས་ཤུགས་ཡོད་རྒུས་མང་ཚོགས་ལ་དུས་བདེ་ཞི་མཐུན་གྱི་དཔྱིད་གསར་དུས་ཆེན་ཞིག་གཏོང་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
ཁུལ་གྱི་འགོ་ཁྲིད་པའོ་ཡུས་ཏུང་དང་། མ་གོ་ཀྲུང་། ཀྲོང་ཞའོ་ཕིང་བཅས་འཚམས་འདྲིའི་ནང་ཞུགས་པ་རེད།