རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་བཞི་པ་ལྷ་ས་ནས་མཇུག་བསྒྲིལ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན། རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་བཞི་པ་ལྷ་སར་རྒྱལ་ཁའི་ངང་མཇུག་བསྒྲིལ་བ་རེད། ཐེངས་འདིའི་ཚོགས་འདུ་དེ་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུའི་སྒྲིག་འཛུགས་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་གཉེར་འགན་འཁུར་བ། པེ་ཅིང་དང་། བོད་ལྗོངས། མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་སོགས་ས་ཆ་མང་པོ་ནས་ཡོང་བའི་བོད་སྐད་ཡིག་སྨྱན་སྦྱོར་ཚན་པ་29དང་འཐུས་མི་60ལྷག་ཙམ་ཚོགས་འདུར་ཞུགས་ཡོད།
ཐེངས་འདིའི་མཐུན་སྦྱོར་ཚོགས་འདུའི་ཐོག་དཔྱད་འདེམས་ནང་ཞུགས་པའི་བརྩམས་ཆོས་ཁྱོན་622བསྡུ་རུབ་བྱས་ཏེ། ཚགས་པར་དང་། རླུང་འཕྲིན། བརྙན་འཕྲིན། སྨྱན་སྦྱོར་གསར་པ། དུས་དེབ། བསྒྱུར་བཟོའི་ལེ་ཚན། དཔྱད་རྩོམ་དང་ཐ་སྙད་གསར་པ་བཅས་དཔྱད་ཞིབ་ཚོ་ཆུང་7བཙུགས་ཡོད། དཔྱད་ཞིབ་རིགས་གཅིག་མཁས་ཅན་གྱིས་ཚོགས་ཆུང་ཁག་བགོས་ཀྱིས་ཕུལ་བའི་བརྩམས་ཆོས་ལ་གཅིག་སྡུད་ཐོག་ཞིབ་བཤེར་དཔྱད་མོལ་བྱས་པ་དང་རེ་རེ་བཞིན་སྐར་མ་བརྒྱབ་ནས་བསམ་བློ་ཞིབ་ཚགས་དང་སྤུས་ལེགས་ཀྱི་དྲིལ་བསྒྲགས་སྤུས་དག་ཁག་གཅིག་གདམ་གསེས་བྱས་པ་དང་ཆབས་ཅིག་བོད་སྐད་ཡིག་གི་ཐ་སྙད་གསར་པ་ཞིབ་བཤེར་གཏན་འབེབས་དང་ཚད་ལྡན་བཟོ་བའི་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ་ས་གནས་ཁག་གི་ཡུལ་སྐད་ཀྱི་ཐོག་ནས་མཚོན་པའི་ཁྱད་པར་ཆུང་དུ་བཏང་ནས་བོད་སྐད་ཡིག་ཚད་ལྡན་ཅན་གྱི་ཁྱབ་སྤེལ་རྨང་གཞི་བརྟན་དུ་བཏང་བ་རེད། ཉིན་གཉིས་རིང་དཔྱད་ཞིབ་གཟབ་ནན་བྱས་པ་བརྒྱུད་བརྩམས་ཆོས་416མཐའ་སྐོར་དུ་ཚུད་པ་དང་ཡིག་ཐོག་སྙན་ཞུའི་ཐ་སྙད་280ཁྲོད་ནས་ཐ་སྙད་གསར་པ་37ཞིབ་བཤེར་གཏན་འབེབས་བྱས་ནས་གྲོས་འཆམ་བྱུང་བ་རེད།
ཐེངས་འདིའི་ཚོགས་འདུའི་ཐོག་བདེ་ཆེན་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་བརྩམས་ཆོས7ལ་བྱ་དགའ་ཐོབ་ཡོད་པ་སྟེ། ཨང་དང་པོ་གཉིས་དང་། ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ་བཅས་ཐོབ་ནས་གྲུབ་འབྲས་བཟང་པོ་བླངས་ཡོད་དེ། པད་མ་མཚོ་དང་སྒྲོལ་མ་གཡང་མཚོ། རིན་ཆེན་ཚེ་རིང། རྣམ་འཇོམས་ཚེ་རིང་བཅས་ཀྱིས་བྲིས་པའི་《སོན་རྩེ་ལས་བཞད་པའི་སྒྱུ་རྩལ་གྱི་མེ་ཏོག》ཅེས་པའི་འཕྲིན་ཡིག་བརྩམས་ཆོས་ལ་ཚགས་པར་རིགས་ཀྱི་ཐོག་མའི་གསར་རྩོམ་གྱི་བྱ་དགའ་ཨང་དང་པོ་ཐོབ་དང་། ཡའོ་ཞའོ་ཝུན་དང་། སངས་རྒྱས་མཚོ་མོ། པ་སངས་ལྷ་མོ། བསོད་ནམས་གཡང་འཛོམས། བཀྲ་ཤིས་གཡང་མཚོ་བཅས་ཀྱི་བརྙན་འཕྲིན་བརྩམས་ཆོས་《དྲི་ཟའི་གླུ་གར་གླིང་ 》ཞེས་པར་བརྙན་འཕྲིན་རིགས་ཀྱི་ཕུལ་བྱུང་ལེ་ཚན་གྱི་བྱ་དགའ་ཨང་དང་པོ་ཐོབ་པ། བསོད་ནམས་གཡང་འཛོམས་དང་། པ་སངས་ལྷ་མོ།ཡའོ་ཞའོ་ཝུན། སངས་རྒྱས་མཚོ་མོ་བཅས་ཀྱིས་བྲིས་པའི་དཔྱད་གཏམ་《དཔལ་ཡོན་གྲོང་ཁྱེར་གཏོད་པར་བྱ་བ་ཆུང་ཆུང་ནས་འགོ་བརྩམས་དགོས་》ཞེས་པར་ཚགས་པར་རིགས་ཀྱི་ཐོག་མའི་གསར་རྩོམ་གྱི་བྱ་དགའ་ཨང་གཉིས་པ་ཐོབ་པ། སྒྲོལ་མ་གཡང་མཚོས་ཇུས་འགོད་བྱས་པའི་པར་ངོས་《རིག་གནས་ཡུལ་སྐོར་གྱི་ཆེད་སྒྲིག་པར་གཞི་》ལ་ཚགས་པར་རིགས་ཀྱི་པར་ངོས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ། པད་མ་མཚོས་ཇུས་འགོད་བྱས་པའི་པར་ངོས་《མི་རིགས་རིག་གནས་ཀྱི་ཆེད་སྒྲིག་པར་གཞི》ལ་ཚགས་པར་རིགས་ཀྱི་པར་ངོས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ་པ། རྣམ་འཇོམས་ཚེ་རིང་གི་ཆེད་རྩོམ་བརྩམས་ཆོས《ལྕགས་སྒྱེད་རྐང་གསུམ་མ》ལ་ཚགས་པར་རིགས་ཀྱི་ཐོག་མའི་གསར་རྩོམ་གྱི་བྱ་དགའ་ཨང་གསུམ་པ་ཐོབ་པ། སྒྲོལ་མ་གཡང་མཚོ་དང་པད་མ་མཚོ། རྣམ་འཇོམས་ཚེ་རིང་། རིན་ཆེན་ཚེ་རིང་བཅས་ཀྱིས་བྲིས་པའི་《དོན་གྲུབ་ཕུན་ཚོགས---པི་ཝང་སྒྱུ་རྩལ་སྲུང་སྐྱོང་བྱས་ནས་མི་རིགས་རིག་གནས་རྒྱུན་འཛིན་བྱེད》ཅེས་པའི་འཕྲིན་ཡིག་བརྩམས་ཆོས་ལ་ཚགས་པར་རིགས་ཀྱི་ཐོག་མའི་གསར་རྩོམ་གྱི་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།
རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་དེ་ལོ་ཉི་ཤུ་ལྷག་ཙམ་རིང་འཕེལ་རྒྱས་བཏང་བ་བརྒྱུད་ལས་སྒོའི་སྤེལ་རེས་ལམ་སྲོལ་ནས་སྨྱན་སྦྱོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཏུ་རིམ་སྤོར་བྱས་ཡོད། སྐབས་འདིའི་ཚོགས་ཆེན་ནི་ལོ་འཁོར་གྱི་བརྩམས་ཆོས་ལ་གཟིགས་ཞིབ་ཆེན་པོ་ཐེངས་ཤིག་ཡིན་ལ་བོད་འབྲེལ་སྨྱན་སྦྱོར་ཁག་གི་སྤེལ་རེས་ནང་དོན་གསར་གཏོད་དང་ལག་རྩལ་བེད་སྤྱོད་དང་བརྒྱུད་བསྒྲགས་ལག་ལེན་གྱི་རྩ་ཆེའི་གོ་སྐབས་ཤིག་ཀྱང་ཡིན།
དུས་མཚུངས་སུ། ཚོགས་འདུའི་སྒྲིག་འཛུགས་ཨུ་ལྷན་གྱིས་ཞིབ་འཇུག་ཐག་གཅོད་བྱས་པ་བརྒྱུད། རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་ལྔ་པ་དེ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ཀྱིས་འགན་སྒྲུབ་བྱ་རྒྱུ་གཏན་ཁེལ་བྱས་ཤིང་། སྐབས་དེར་རྒྱལ་ཡོངས་ཀྱི་བོད་སྐད་ཡིག་སྨྱན་སྦྱོར་ལས་རིགས་ཀྱི་མི་སྣ་མཚོ་སྔོན་དུ་ལྷན་འཛོམས་བྱེད་དེ་སྐབས་རྗེས་མའི་ལོ་འཁོར་ཚོགས་འདུའི་ཐོག་མཉམ་ཞུགས་གནང་རྒྱུ་རེད།
འགན་འཁུར་རྩོམ་སྒྲིག་པ།:七林卓玛
- བདེ་ཆེན་གསར་འགྱུར།
རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་བཞི་པ་ལྷ་ས་ནས་མཇུག་བསྒྲིལ་བ།
ལི་ཡན་ལན་གྱིས་རུ་སྣེ་ཁྲིད་དེ་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་དུ་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་འབྲེལ་ཡོད་ལས་དོན་སྙན་སེང་འབྲེལ་མཐུད་བྱས་ པར་བསྐྱོད་པ།
ཁུལ་ཨུ་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་3པ་འཚོཊ།
ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་སྣེ་ཁྲིད་དེ་ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་བྱས་པའི་ལྟ་སྐོར་སློབ་སྦྱོང་བྱེད་སྒོར་ཞུགས།
ཁུལ་རིམ་པའི་ཚན་ཁག་བཞིའི་འགོ་ཁྲིད་ཁོར་ཡུག་འཕྲོད་བསྟེན་ཞིབ་བཤེར་དང་གད་སྙིགས་གཙང་སེལ་བྱས་པའི་བྱེད་སྒོ་ནང་ཞུགས།
ཁུལ་ཨུ་ཁུལ་སྲིད་གཞུང་གི་འགོ་ཁྲིད་ཚན་པས་ཞིང་ཨུའི་སྐབས་བརྗེ་བྱས་རྗེས་ཀྱི་ཁུལ་(གྲོང་ཁྱེར་)ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོའི་གཅིག་བསྡུས་གླེང་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་སློབ་སྦྱོང་དང་ཞིབ་འཇུག་གྲོས་བསྡུར་སྤེལ།
ལུའོ་ཁྲའོ་ཧྥེང་གིས་ཀྲུང་གོ་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི། འགོ་འཛིན་ལི་ཞུང་དང་བཅས་པར་ཐུག་འཕྲད་གནང་།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108