中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཞི་ཅིན་ཕིང་གིས་ཁྲེང་ཏུའུ་རུ་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་མཛའ་མཐུན་སྤེལ་རེས་གནང་བ།

ཁྱབ་བསྒྲགས་དུས་ཚོད་:2025-12-08 09:33:12 འབྱུང་ཁུངས་:人民日报藏文版


ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་12ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཏུའུ་ཅང་ཡན་དུ་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་མཛའ་མཐུན་སྤེལ་རེས་གནང་བ་རེད།

དགུན་དུས་ཀྱི་ཏུའུ་ཅང་ཡན་དུ་རི་ཀླུང་སྔར་བཞིན་སྔོ་ཐིང་ངེར་གནས། མཱ་ཁེ་ལུང་སྟངས་དཔྱལ་དེ་གར་འབྱོར་སྐབས། ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་པ་རེད། ཞི་ཅིན་ཕིང་གིས་མཱ་ཁེ་ལུང་ཁྲེང་ཏུར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་ཤིང་། ཁོང་གིས། ན་ནིང་སྐུ་ཉིད་ནས་ང་ཁྱེད་ཀྱི་ཕ་ཡུལ་ཧྲང་པི་ལི་ཉིའུ་སི་ཞིང་ཆེན་དུ་མགྲོན་དུ་བོས་བྱུང་། ད་ཐེངས་ཀྱི་འཚམས་འདྲི་བརྒྱུད། ཁྱེད་ནས་ཀྲུང་གོར་དེ་བས་རྒྱུས་མངའ་ཟབ་མོ་ལོན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་གྱིས་ཏུའུ་ཅང་ཡན་གྱི་ལམ་བརྒྱུད་ནས་ཕེབས་ཀྱིན་བཀའ་མོལ་གནང་བ་རེད།

ཞི་ཅིན་ཕིང་གིས་ཏུའུ་ཅང་ཡན་གྱི་ལོ་རྒྱུས་དང་དོན་སྙིང་ངོ་སྤྲོད་གནང་ཞིང་། ཁོང་གིས་གསུངས་དོན། ཏུའུ་ཅང་ཡན་གྱི་ཆུ་བེད་ལས་གྲྭ་ནི་འཛམ་གླིང་ཡོངས་སུ་ད་བར་སྤྱད་དང་སྤྱོད་མུས་ཀྱི་གནའ་བོའི་ཆུ་བེད་ལས་གྲྭ་གཅིག་པུ་དེ་རེད་ལ། མིའི་རིགས་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་གྲུབ་འབྲས་ཐོབ་པའི་ལག་ལེན་སྔ་ཤོས་ཀྱི་གྲས་ཤིག་ཀྱང་རེད། འཛུགས་སྐྲུན་གྱི་བརྒྱུད་རིམ་ཁྲོད་ནས་ཀྲུང་ཧྭ་མི་རིགས་ཀྱི་འབད་བརྩོན་ལྷོད་མེད་དང་། དཀའ་ངལ་ལ་མི་སྐྲག་པ། གསར་འབྱེད་ཕོད་པ་བཅས་ཀྱི་སྙིང་སྟོབས་གང་ལེགས་མངོན་ཡོད། ཏུའུ་ཅང་ཡན་དུ་སླེབས་ཐེངས་རེར་མེས་པོ་རྣམས་ཀྱིས་ཡུལ་བབ་དང་བསྟུན་པ་དང་། འཕེལ་ཕྱོགས་དང་བསྟུན་པ། སྣོད་བཅུད་མཉམ་གནས། ཆུ་བཅོས་དམངས་ཕན་བཅས་ཀྱི་བྱས་རྗེས་རླབས་པོ་ཆེ་ཚོར་ཐུབ་པ་མ་ཟད། དེའི་ཁྲོད་ནས་རྒྱལ་སྐྱོང་སྲིད་འཛིན་གྱི་བློ་གྲོས་ཀྱང་བསྡུ་ལེན་བྱེད་ཐུབ། ཧྥ་ལན་ཤིས་མི་རིགས་ལའང་དེ་ལྟ་བུའི་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་ལྡན་ཡོད། ཀྲུང་ཧྥ་རྒྱལ་ཁབ་གཉིས་པོས་རྒྱལ་ཁབ་གཞན་དག་ལས་ཕན་ཚུན་དབར་དེ་བས་བསམ་ཤེས་དང་བརྩི་འཇོག་ཐུབ་པར་བྱེད་དགོས།

མཱ་ཁེ་ལུང་གིས་གསུངས་དོན། ཏུའུ་ཅང་ཡན་གྱི་རི་ཀླུང་སྔོ་ཞིང་ཆུ་མོ་དྭངས་བ་དང་། ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་འདུག ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་གོང་ནས་བསྐྲུན་པའི་ཆུ་བེད་ལས་གྲྭས་ད་བར་སྔར་བཞིན་ནུས་པ་འདོན་བཞིན་ཡོད་པས། ཀྲུང་གོ་མི་དམངས་ཀྱི་ལས་ལ་བརྩོན་པ་དང་བློ་གྲོས་ཆེན་པོར་མི་རྣམས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་འོས་པ་ཞིག་རེད། ཧྥ་ཀྲུང་རྒྱལ་ཁབ་གཉིས་པོར་ལོ་རྒྱུས་རིག་གནས་ཡུན་རིང་ལྡན་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱེད་སྟངས་གཅིག་མཚུངས་ཡིན་པས། ཧྥ་ཀྲུང་མཉམ་ལས་ཀྱིས་འཕེལ་རྒྱས་དང་དར་རྒྱས་མཉམ་དུ་དོན་གཉེར་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས།

རྒྱལ་ཁབ་གཉིས་པོའི་གཙོ་བདག་སྟངས་དཔྱལ་གྱིས་གནའ་བོའི་བསིལ་ཁང་འོག་བཞུགས་ཏེ། གསོལ་ཇ་མཆོད་ཞོར་གནམ་འོག་གི་དོན་ཆེན་གླེང་གནང་བ་རེད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་རིགས་བསྐྱར་དར་ཡོང་བར་དངོས་པོའི་དཔལ་ཡོན་གསོག་འཇོག་བྱེད་དགོས་པ་མ་ཟད། བསམ་པའི་དཔལ་ཡོན་ཡང་ཕུན་སུམ་ཚོགས་སུ་གཏོང་དགོས། རིག་གནས་ཀྱི་གདེང་ཚོད་ལྡན་པའི་མི་རིགས་ཤིག་ཡིན་ཕྱིན་ད་གཟོད་ཡར་ལངས་ཐུབ་པ་དང་། བརྟན་པོར་ལངས་ཐུབ་པ། རྒྱང་རིང་པོར་སྐྱོད་ཐུབ། ཀྲུང་ཧྭའི་ཤེས་དཔལ་ནི་འཛམ་གླིང་ཐོག་རྒྱུན་གཏན་ནས་ཆད་མྱོང་མེད་ལ། རྒྱལ་ཁབ་ཀྱི་རྣམ་པའི་ཐོག་ནས་ད་བར་འཕེལ་རྒྱས་བྱུང་བའི་རླབས་ཆེན་གྱི་ཤེས་དཔལ་འབའ་ཞིག་ཡིན་ཞིང་། དེར་རྒྱུན་མཐུད་རང་བཞིན་དང་། གསར་གཏོད་རང་བཞིན། གཅིག་གྱུར་རང་བཞིན། བསྟུན་མཁས་རང་བཞིན། ཞི་བདེའི་རང་བཞིན་བཅས་མངོན་གསལ་དོད་པོ་ཡོད། ཀྲུང་ཧྥ་རྒྱལ་ཁབ་གཉིས་པོ་ནི་ཁག་སོ་སོར་ཤར་ཕྱོགས་དང་ནུབ་ཕྱོགས་ཤེས་དཔལ་གྱི་ཁྱད་དུ་འཕགས་པའི་མཚོན་བྱེད་ཅིག་ཡིན། རྒྱལ་ཁབ་གཉིས་པོར་ལྡན་པའི་རང་བཙན་རང་བདག་གི་སྙིང་སྟོབས་ནི་རང་སོ་སོའི་གཏིང་ཟབ་པའི་རིག་གནས་ཀྱི་རྨང་གཞི་ལས་བྱུང་བ་ཞིག་ཡིན། ཀྲུང་ཧྥའི་དབར་ཕྱི་འབྲེལ་བཙུགས་པ་དེ་ནི་རང་བཙན་རང་བདག་གི་རྒྱལ་ཁབ་གཉིས་པོ་ཕན་ཚུན“ལག་པ་བཏང་བ” ཞིག་ཡིན་པ་མ་ཟད། འོད་སྟོང་འབར་བའི་ཤེས་དཔལ་ཆེན་པོ་གཉིས་མཉམ་འདྲེས་བྱེད་པ་ཞིག་ཀྱང་ཡིན། འགྱུར་ལྡོག་དང་ཟང་ཟིང་མཉམ་གནས་ཀྱི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ། ལོ་རྒྱུས་དང་རིག་གནས་ཀྱི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཀྲུང་ཧྥ་རྒྱལ་ཁབ་གཉིས་པོས་གླེང་མོལ་དང་མཉམ་ལས་བརྒྱུད། ཐུན་མོང་ཐོག་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་མིའི་རིགས་ཀྱི་འཕེལ་རྒྱས་ཡར་ཐོན་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད། 

མཱ་ཁེ་ལུང་གིས་མིག་སྔའི་རྒྱལ་སྤྱིའི་དུས་བབ་ལ་མགྱོགས་མྱུར་འགྱུར་ལྡོག་འབྱུང་བཞིན་ཡོད་པ་དང་ངེས་གཏན་མེད་པའི་རང་བཞིན་གྱིས་ཁེངས་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་གླེང་མོལ་གྲོས་མོལ་བརྒྱུད་གདོང་གཏུགས་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ལག་གདང་སྦྲེལ་ནས་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་སྟངས་དཔྱལ་གྱིས་མཱ་ཁེ་ལུང་སྟངས་དཔྱལ་དགུང་ཚིགས་ལ་གདན་ཞུ་གནང་ནས་མུ་མཐུད་སྤེལ་རེས་གཏིང་ཟབ་གནང་བ་རེད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱས་ནས་ཀྲུང་ཧྥའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་ལྷན་དུ་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད།

འཚམས་འདྲིའི་རིང་ཕྱོགས་གཉིས་པོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གོ་ལ་ཧྲིལ་པོའི་གནམ་གཤིས་དང་ཁོར་ཡུག་གི་འགྲན་སློང་ལ་ཁ་གཏད་གཅོག་པ། ཞི་བདེའི་ངང་ཉིང་རྡུལ་ནུས་པ་བེད་སྤྱོད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་བ། ཞིང་ལས་དང་བཟའ་བཅའི་སྤེལ་རེས་དང་མཉམ་ལས། ཡུག་རེན་གྱི་དུས་བབ་དང་ཕ་ལེ་སི་ཐན་གྱི་དུས་བབ་བཅས་ཀྱི་ཐད་མཉམ་འབྲེལ་གསལ་བསྒྲགས་སྤེལ་གནང་བ་རེད།

ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།


责任编辑:南珠泽仁 吹批拉姆

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་ཛ་དྲག་ཆེ་ཞིང་བཙུགས་སྤོར་འབེན་འཕེན་བྱས་པ་བརྒྱུད་ཆུས་ཅིང་ལས་ཕམ།

2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་འགོ་ཚུགས་པ།

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས་143འཚོགས་པ།

“ ལོ་ལྔ་ཚན་བཅོ་ལྔ་པའི་ ” དུས་རིམ་དུ་བདེ་ཆེན་གྱིས་ རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ཕུལ་དུ་བྱུང་བའི་གྲུབ་འབྲས་བཏོད་པ།

ཡུན་ནན་ སྤྲེའུ་ཁྲ་ཡིས་ཆུ་སྐྱེས་སྔོ་རྩྭ་ཟ་བའི་བརྙན་པར་ཐེངས་དང་པོ་ལྟ་ཞིབ་ཚད་ལེན་བྱས།

བདེ་ཆེན་ཁུལ་གྱིས་“སྤུས་ཚད་མཐོ་བའི་ངང་‘ལོ་ལྔ་ཚན་བཅུ་བཞི་པའི་’འཆར་འགོད་”ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་ཆེད་དོན་སྤེལ།

ཀྲང་ཝེ་ཏུང་གིས་ཡུན་ནན་ཚད་མཐོའི་རྐང་རྩེད་སྤོ་ལོའི་མཉམ་འགྲན་ལ་གྲ་སྒྲིག་བྱེད་མཁན་བདེ་ཆེན་རུ་ཁག་དང་ཆུས་ཅིང་རུ་ཁག་ལ་འཚམས་འདྲི་གནང་བ།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ལས་དོན་ལ་རྟོག་ཞིབ་དང་སློབ་སྦྱོང་བྱས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com