ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དེ་རང་ཁུལ་དུ་ཚུར་སྣང་ལན་ཆ་དྲག་པོ་ཐོབ། (གཉིས་པ།)
 
              
              
              
              
              
            སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་10པའི་ཚེས་20ཉིན་ནས་ཚེས་23ཉིན་གྱི་བར། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དེ་པེ་ཅིང་དུ་འཚོགས་ཤིང་། རང་ཁུལ་གྱི་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་རྣམ་པ་སྣ་མང་བརྒྱུད་ནས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ་དང་། ཚང་མས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ནས། མུ་མཐུད་དུ་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་བདེ་ཆེན་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པར་བསྟན།
ཁུལ་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས་གྲོང་ཁྱེར་འཛུགས་སྐྲུན་ཚན་ཁག་གི་འགོ་འཛིན་ཀྲང་ཞའོ་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་རྒྱལ་ཁའི་ངང་འཚོགས་པ་དེས་མི་སེམས་ལ་སྐུལ་མ་གཏོང་བ་དང་འབད་བརྩོན་བྱ་རྒྱུར་སྐུལ་མ་གཏོང་ཡོད། ཚང་འཛོམས་གྲོས་ཚོགས་ཀྱིས་མི་རྩ་བར་འཛིན་རྒྱུའི་རྣམ་པ་གསར་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་བཀོད་སྒྲིག་གལ་ཆེན་བྱས་ཡོད་པས། ང་ཚོས་དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་གྲོང་ཁྱེར་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོ་བསྟན་པ་དང་རྩ་བའི་གཞིར་འཛིན་ས་འདོན་སྤྲོད་བྱས་ཡོད། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི་”དམིགས་འབེན་ལ་དོ་གནད་བྱས་ནས་གྲོང་ཁྱེར་འཛུགས་སྐྲུན་གྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་པ་དང་། ཕྱོགས་ཡོངས་ནས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཁྱབ་ཁོངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་བ་དང་། གསར་གཏོད་དང་གནས་འཕྲོད། མཛེས་སྡུག མཉེན་ཆ། ཤེས་དཔལ། བློ་གྲོས་ལྡན་པ་བཅས་ཀྱི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།
ཚོང་དོན་སྡེ་ཚན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དེའི་ལྟེ་བའི་དོན་སྙིང་དང་ལག་ལེན་ཀྱི་བླང་བྱ་ལ་གོ་བ་གཏིང་ཟབ་བླངས་ཏེ་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་བྱ་རྒྱུ། ང་ཚོས་ཕྱོགས་བཞིའི་ཐད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དམ་འཛིན་ཏན་ཏིག་བྱ་རྒྱུ་ཡིན་ཏེ། གཅིག་ནི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སློབ་སྦྱོང་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཟབ་སྦྱོང་མཐིལ་རྟོགས་བྱེད་པ། གཉིས་ནི་ཏང་ཡོན་ལས་བྱེད་པས་ཞིབ་འཇུག་དང་གྲོས་བསྡུར་བྱས་ནས་སློབ་སྦྱོང་བྱས་པ་དང་། ཚོང་དོན་དང་ཡུལ་སྐོར། རིག་གནས་ཀྱི་མཉམ་འདྲེས་འཛད་སྤྱོད་དང་རྫོང་ཁོངས་ཀྱི་ཚོང་ལས་མ་ལག་འཛུགས་སྐྱོང་སོགས་གཙོ་གནད་ལས་དོན་དང་ཟུང་འབྲེལ་བྱས་ཏེ་ཆེད་དོན་གྲོས་བསྡུར་བྱས་པ་དང་ཚོང་དོན་མངའ་ཁོངས་ཀྱི་དོན་འཁྱོལ་བྱེད་གནས་ཡང་དག་པར་འཚོལ་བ། གསུམ་ནི་སྲིད་གཞུང་དང་ཁེ་ལས་མཉམ་འགུལ་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བྱས་པ་དང་། ལས་བྱེད་པས་ཁེ་ལས་ལ་འབྲེལ་བ་དང་ཞབས་ཞུ་བྱེད་པའི་ལམ་སྲོལ་ལ་ཟུང་འབྲེལ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁེ་ལས་དུ་བསྐྱོད་པ་ཞེས་པའི་དྲིལ་བསྒྲགས་སྒྲིག་འཛུགས་བྱས་ནས། མང་ཚོགས་ཀྱི་སྐད་ཆའི་ཐོག་ནས་སྲིད་ཇུས་ཀྱི་ཁེ་འབབ་གསལ་པོ་བཤད་པ། བཞི་ནི་ལས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཁེ་ལས་བརྟན་ལྷིང་དང་གྲོང་ཁྱེར་བརྟན་ལྷིང་། སྔོན་དཔག་བརྟན་ལྷིང་བཅས་ལ་ཤུགས་རྒྱག་པ་དང་། སྒོ་འབྱེད་མཉམ་ལས་དང་ཐོན་ལས་ཤོང་ཚད་ཆེ་རུ་གཏོང་བ་སོགས་ལ་དོ་གནད་བྱས་ནས། སློབ་སྦྱོང་—ལག་ལེན་—གསར་གཏོད་བཅས་ཀྱི་འཁོར་སྐྱོད་བཟང་པོར་བརྟེན་ནས་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་འབྲི་རྒྱུ་ཡིན་ཞེས་ཁུལ་ཚོང་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཙོའུ་ཆིང་ཧོ་ཡིས་འདི་ལྟར་བཤད།
འབའ་ལུང་རྫོང་ཀྲུང་ལུའུ་ཤང་གི་ཤང་ཀྲང་ཧོ་ལའེ་ཡིས་“ལོ་ལྔ་ཚན་བཅུ་བཞི་པའི་”ཚུན། ཀྲུང་ལུའུ་ཤང་གིས་མཐོ་གྲང་རི་ཁུལ་གྱི་དོན་དངོས་ལ་གཞི་ཚུགས་ནས་གྲང་ངར་གྱི་གནམ་གཤིས་ལ་བརྟེན་ཏེ་རུ་རྟ་ཐོན་ལས་གསོ་སྐྱོང་དང་སྟོབས་ཆེར་གཏོང་གི་ཡོད་པ་དང་། 2024ལོར་འདེབས་འཛུགས་རྒྱ་ཁྱོན་མུའུ་8000ལྷག་ཟིན་པ་དང་གྲོང་ཚོ་ཡོངས་ཀྱི་གྲོང་མི་ཚོ་ཆུང་11ལ་ཁྱབ་ནས་ཞིང་དུད་ཀྱི་ཡོང་འབབ་འབྱུང་ཁུངས་གཙོ་བོར་གྱུར་ཡོད། སྐྱེལ་འདྲེན་གྱི་དཀའ་གནད་ཐག་གཅོད་བྱ་ཆེད། གྲོང་ཚོ་དེས་ཀྲུང་ལུགས་སྨན་རྫས་ཆེད་སྤྱོད་སྐྱེལ་འདྲེན་རྣམ་གྲངས་འཛུགས་རྒྱུར་རྒྱབ་སྐྱོར་བྱས་པ་དང་། 2024ལོའི་ཟླ་10པར་ལམ་ཐིག་གསུམ་བཀོལ་སྤྱོད་བྱས་རྗེས། རུ་རྟ་ཞིང་མུའུ་1500ལྷག་ལ་རྩིབས་འཕྲོ་དང་། ཡུལ་མི་དུད་ཚང་143ལ་ཕན་པ་ཐོབ་པ། ལོ་རེར་སྐྱེལ་འདྲེན་མ་གནས་སྒོར་ཁྲི་105.6ཙམ་གྲོན་ཆུང་དུ་གཏོང་བ་དང་ཞིང་པའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.2འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཡིས་“ཞིང་གསུམ”ལས་དོན་ལ་ཁ་ཕྱོགས་གསལ་པོ་སྟོན་པ་དང་། ཤང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་མ་ཆེན་པོ་ཐེབས། གོམ་སྟབས་རྗེས་མར་ཀྲུང་ལུའུ་ཤང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཁྲིད་སྟོན་དུ་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི་”འཕེལ་རྒྱས་དམིགས་འབེན་ལ་དམིགས་ནས། ཀྲུང་ལུགས་སྨན་རྫས་འདེབས་འཛུགས་ཐོན་ལས་སྟོབས་ཆེར་གཏོང་རྒྱུ་དང་། ཐོན་ལས་སྤུས་འབྲས་ལེགས་གཏོང་ལ་སྐུལ་འདེད་གཏོང་རྒྱུ། “ཐོན་ལས་གཅིག་བསྐྲུན་ནས་ཕྱོགས་ཅིག་གི་མང་ཚོགས་ཕྱུག་པོར་འགྱུར་རྒྱུ”ཧུར་ཐག་ངང་མངོན་འགྱུར་བྱེད་དེ། གྲོང་གསེབ་དར་རྒྱས་ཡོང་བར་རྒྱུན་མཐུད་ངང་སྒུལ་ཤུགས་དྲག་པོ་རྒྱག་རྒྱུ་ཡིན་ཞེས་ཟེར།
ཚང་འཛོམས་གྲོས་ཚོགས་ཐོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་བྱ་དགོས་ཞེས་བསྟན་པ་དང་། སློབ་གསོ་དང་། ཚན་རྩལ། ཤེས་ལྡན་མི་སྣ་བཅས་ནི་འབྲེལ་ཟབ་གོང་བུ་ཞིག་ཡིན་པའི་ངོས་ནས་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་དང་། འཕེལ་རྒྱས་གཏོང་བའི་འགུལ་ནུས་གསར་པ་དང་ལེགས་ཆ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འགག་རྩ་ཞིག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱུང་དགོས་ན་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཁ་འབྲལ་ཐབས་མེད་པ་ངས་ངོས་འཛིན་གཏིང་ཟབ་བྱུང་། སློབ་གསོའི་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ངོས་ནས་ངས་ཤེས་བྱ་བརྒྱུད་ཁྲིད་བྱེད་པའི་འགན་འཁྲི་ཕྲག་ཏུ་འཁུར་ཡོད་པ་མ་ཟད། སློབ་མ་ཚོས་ཕུགས་འདུན་འཛུགས་པ་དང་། ཕུགས་འདུན་རྗེས་སྐྱོད། ཕུགས་འདུན་མངོན་འགྱུར་བཅས་ཁྲིད་སྟོན་བྱེད་པར་དེ་བས་འབད་བརྩོན་བྱེད་དགོས། སླད་ཕྱིན་གྱི་ལས་ཀའི་ཁྲོད་ངས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྲིད་སྟོན་དུ་བྱས་ནས་སློབ་ཁྲིད་བྱེད་ཐབས་གསར་གཏོད་དང་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་ཀྱི་དད་སེམས་རྒྱུན་གཏན་གྱི་སློབ་ཁྲིད་ཁྲོད་དུ་འདྲེས་ནས་བདེ་ཆེན་གྱི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་བ་ལ་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་ཁུལ་མི་དམངས་སློབ་འབྲིང་གི་སློབ་ཁྲིད་ཚན་ཁག་གི་འགན་འཁུར་བ་ཀའོ་ལི་ཡིས་འདི་ལྟར་ཟེར།
责任编辑:七林、达瓦只玛
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
 
                
                ལུའོ་ཁྲའོ་ཧྥེང་གིས་གཞི་རིམ་དུ་ཟབ་ཞུགས་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་བྱས།
 
                
                བདེ་ཆེན་གྱི་སློབ་གསོ་བྱ་གཞག་ལ་བཀྲ་ཆེ་ས་མང་བ་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོན།
 
                
                གཏེར་མ་རོང་ཤང་ཨ་བཟང་གྲོང་ཚོའི་ལམ་མདོ་གྲོང་མི་ཚོ་ཆུང་གི་མང་ཚོགས་ཕྱུག་འགྱུར་གྱི་ལམ་བུ་ཐོག་སྐྱོད།
 
                
                སེམས་ཀྱི་ཉི་ཟླ་གྲོང་ཨུའི་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་དགུ་པ་ཚེས་དགུའི་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོ་སྤེལ།
 
                
                ཁུལ་སྲིད་གཞུང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོ་ལས་ཀའི་སྐུལ་སྤེལ་ཚོགས་འདུ་ཐེངས་བཅུ་དྲུག་པ་འཚོགས།
 
                
                བདེ་ཆེན་ཁུལ་གྱི་2025ལོ་འཁོར་གྱི་གཞོན་ནུ་ཡིས་ལས་གཏོད་བྱས་ནས་ཕ་ཡུལ་དར་རྒྱས་གཏོང་བ་དང་བདེ་ཆེན་གྱི་གསར་གཏོད་ལས་གཏོད་མཁས་ཅན་ཞེས་པའི་འགྲན་བསྡུར་ཆེན་པོའི་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ།
 
                ལུའོ་ཁྲའོ་ཧྥེང་གིས་ཁུན་མིང་དང་བདེ་ཆེན་གྱི་“གཞན་སའི་གླིང་ཁུལ”ལས་དོན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་སྲོལ་རྒྱུན་གྱི“གཞན་བརྟེན་རྣམ་པའི”རོགས་སྐྱོར་དེ“རང་བརྟེན”ཐོན་ལས་རོགས་སྐྱོར་ཕྱོགས་སུ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།
 
                
                ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་ཅིག་ཏུ་ཕེབས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་གནང་།
 
  
  
  
   ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007

 
  
  