བདེ་ཆེན་ཁུལ་གྱི་མི་རིགས་རིག་གནས་རྒྱུན་འཛིན་དང་ན་གཞོན་ལས་གཏོད་གསར་གཏོད་ཀྱི་གསོན་ཉམས་དོད་པའི་ལག་ལེན་ཁྲོད་དུ་ས་གནས་དེ་གའི་ལས་གཏོད་པ་བསྟན་འཛིན་གྱིས་ས་མཐོའི་རང་ཡུལ་དུ་གཞི་ཚུགས་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་བོའི་བསམ་འདུན་བརྟན་སྲུང་། སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་མཚམས་སྦྱོར་བཅས་བྱས་ནས “མི་རབས་བདུན་གྱི་ལག་ཤེས་བཟོ་རྩལ་དངུལ་བཟོ”ཡི་ཁྱད་ལྡན་ལས་གཏོད་རྣམ་གྲངས་བཏོད་དེ་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་། ན་གཞོན་ལས་གཏོད། ཞིང་འབྲེལ་ཞིང་སྐུལ་བཅས་ཕན་ཚུན་མཉམ་འདྲེས་ཀྱི་འཕེལ་རྒྱས་ལམ་བུ་ཞིག་བཏོད་པ་རེད། རྣམ་གྲངས་དེས་ལས་གཏོད་ཀྱི་ཕན་འབྲས་ཏན་ཏིག་དང་མངོན་གསལ་དོད་པའི་ས་གནས་དེ་གའི་ཁྱད་ཆོས་དང་ལག་ཤེས་བཟོ་རྩལ་ལས་གཏོད་ཀྱི་སྤུས་རྟགས་ལ་བརྟེན་ནས་“འབྱུང་འགྱུར་གཏོད་པ”ཅེས་པའི་2026ལོའི་ལས་གཏོད་འགྲན་བསྡུར་ཆེ་མོའི་བདེ་ཆེན་ཁུལ་གྱི་འདེམས་སྒྲུག་འགྲན་བསྡུར་གྱི་“ལས་རིགས་རྩལ་ནུས་+ལས་གཏོད”འགྲན་ལམ་གྱི་བྱ་དགའ་རིམ་པ་གསུམ་པ་ཐོབ་ནས་བདེ་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་གསོན་ཉམས་ལྡན་པའི་ངང་རྒྱུན་འཛིན་དང་ན་གཞོན་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་དཔེ་མཚོན་གྱི་གྲས་ཤིག་ཏུ་གྱུར་ཡོད།

“མི་རབས་བདུན་གྱི་ལག་ཤེས་བཟོ་རྩལ་དངུལ་བཟོ”རྣམ་གྲངས་གཉེར་སྐྱོང་བྱེད་མཁན་འབའ་ལུང་རྫོང་རབ་འབར་བཟོ་རྩལ་ཐོན་རྫས་བཟོ་སྐྲུན་ཁང་གིས་བོད་རིགས་ཀྱི་སྲོལ་རྒྱུན་དངུལ་རྒྱན་རྡུང་བཟོའི་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་རྒྱུན་འཛིན་གསར་སྤེལ་ལ་ཐོག་མཐའ་བར་གསུམ་དུ་དོ་སྣང་བྱེད་ཀྱི་ཡོད། ཁེ་ལས་ཀྱི་བདག་པོ་བསྟན་འཛིན་གྱིས་བདེ་ཆེན་གྱི་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་ཐོན་ཁུངས་ལ་གཞི་ཚུགས་ཏེ་“ལག་ཤེས་ཁོ་ན་དང་། གདོད་མའི་སྣོད་བཅུད། དྲོད་སྣང་ཡོད་པ། ནང་དོན་ཕུན་སུམ་ཚོགས་པ”བཅས་ཀྱི་གཉེར་སྐྱོང་འདུ་ཤེས་བརྟན་སྲུང་བྱས་ཏེ་བོད་རིགས་ཀྱི་སྲོལ་རྒྱུན་བཀྲ་ཤིས་མཚོན་རྟགས་དང་། ས་མཐོའི་ས་ཁོངས་རིག་གནས་མཚོན་རྟགས། མངོན་མིན་རིག་གནས་ཤུལ་བཞག་བཅས་མཉམ་འདྲེས་གཏིང་ཟབ་བྱས་ནས་དེང་རབས་ཀྱི་མཛེས་དཔྱོད་ལེགས་གཏོང་གསར་གཏོད་དང་ཟུང་འབྲེལ་བྱས་ཏེ་དངུལ་གྱི་རྒྱན་ཆ་དང་། མི་རིགས་ཀྱི་རྒྱན་ཆ།རིག་གནས་གསར་གཏོད་ལག་རྟགས། གཏན་འཁེལ་བཟོས་པའི་དངུལ་གྱི་ལག་རྩལ་སོགས་ཀྱི་ཐོན་རྫས་བཏོད་དེ་སྲོལ་རྒྱུན་གྱི་དངུལ་གྱི་བཟོ་རྩལ་ལ་རིག་གནས་ཀྱི་རིན་ཐང་དང་། དངོས་སྤྱོད་རིན་ཐང་། ཚོང་རའི་རིན་ཐང་བཅས་ལྡན་པར་བྱས་ཡོད།
རྣམ་གྲངས་འཁོར་སྐྱོད་བྱེད་རིང་བསྟན་འཛིན་གྱིས་བོད་རིགས་ཀྱི་དངུལ་རྒྱན་རྡུང་དཀྲོལ་དང་། བརྐོས་དཀྲོལ། དར་སྐུད་འཐེན་པ། རི་མོ་བརྐོ་བ། རྙིང་པ་བཟོ་བ་སོགས་ཀྱི་ལྟེ་བའི་སྲོལ་རྒྱུན་ལས་རིམ་ཆ་ཚང་སོར་འཇོག་བྱས་པ་དང་། ཐོན་རྫས་ཚང་མ་ལག་ཤེས་ཞིབ་ལས་རྐྱང་པས་བཟོས་ནས་བརྩམས་ཆོས་ཚང་མར་མི་རིགས་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན་དུ་བཅུག་ཡོད། ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཁྱད་ཆོས་དང་རྩེར་སོན་གྱི་ལག་ཤེས་བཟོ་རྩལ་ལ་བརྟེན་ནས་རྣམ་གྲངས་དེར་ཁྲོམ་རའི་ཧེ་བག་ཅན་གྱི་ལེགས་ཆ་མངོན་གསལ་དོད་པོ་ལྡན་པས་ས་གནས་དེ་གའི་མང་ཚོགས་དང་། ཡུལ་གཞན་གྱི་ཡུལ་སྐོར་བ། རིག་གནས་ཡུལ་སྐོར་གྱི་ཐོན་རྫས་ཉར་ཚགས་ལ་དགའ་པོ་བྱེད་མཁན་བཅས་ཀྱི་ཁས་ལེན་ཐོབ་ཡོད།སྲོལ་རྒྱུན་གྱི་བཟོ་རྩལ་བརྟན་སྲུང་བྱེད་པའི་རྨང་གཞིའི་ཐོག་བསྟན་འཛིན་གྱིས་གྲངས་འཛིན་ཅན་གྱི་ལག་རྩལ་སློབ་སྦྱོང་དང་བེད་སྤྱོད་ཧུར་ཐག་བྱས་པ་དང་། བརྙན་ལམ་ཐུང་ངུའི་སོགས་སྨྱན་སྦྱོར་གསར་པའི་ཐབས་ལམ་བརྒྱུད་བསྒྲགས་བརྒྱུད་ནས་བདེ་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་དངུལ་རྒྱན་དེ་ས་ཁོངས་ཀྱི་བཀག་རྒྱ་ལས་བརྒལ་ནས་དྲ་ཐོག་ནས་བརྒྱུད་བསྒྲགས་བྱས་ཏེ་ཀུན་གྱིས་རྒྱུས་ལོན་བྱུང་བ་དང་། ཁྲོམ་རའི་ཐོག་གི་ཚོང་ལམ་རྒྱ་བསྐྱེད་བཏང་ཡོད། དེ་དང་ཆབས་ཅིག་གྲངས་འཛིན་ཅན་གྱི་ཇུས་འགོད་ཡོ་བྱད་སྤྱད་དེ་ཐོན་རྫས་ཀྱི་རམ་འདེགས་ཞིབ་འཇུག་གསར་སྤེལ་བྱས་ནས་རྒྱུན་གཏན་གྱི་ཐོན་རྫས་འདོགས་པ་དང་། རིག་གནས་ཡུལ་སྐོར་ལ་དྲན་གསོ་ཞུ་བ། ལག་རྟགས་སྤྲོད་པ་སོགས་ཀྱི་ཐོན་རྫས་བཏོན་པ་དང་། དྲ་ཐོག་ནས་མངགས་ཐོ་གནད་སྨིན་ངང་མཁོ་མཁན་ལ་སྤྲད་དེ་གཉེར་སྐྱོང་གི་ལས་ཕྱོད་ཆེ་རུ་བཏང་ནས་“མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་ཚོང་ལས་གཉེར་སྐྱོང་ཟུང་འབྲེལ”གྱི་འཕེལ་རྒྱས་ཡག་པོ་ཞིག་བཏོད་ཡོད། བྱ་གཞག་གསར་གཏོད་ཀྱིས་ཕ་ཡུལ་མི་བརྗེད་པ་དང་། ཕྱུག་འགྱུར་གྱིས་ཕ་ཡུལ་གཅིག་པ་སྐྱོང་བ། བསྟན་འཛིན་གྱིས་ཐོག་མཐའ་བར་གསུམ་དུ་ཞིང་འབྲེལ་ཞིང་སྐུལ་དང་མང་ཚོགས་ལ་འབབ་འཕར་ཡོང་རོགས་བྱ་རྒྱུ་དེ་ལས་གཏོད་ཀྱི་ཐོག་མའི་བསམ་འདུན་ལ་བརྩིས་ནས་ས་གནས་དེ་གའི་ལས་གཏོད་པའི་སྤྱི་ཚོགས་ཀྱི་འགན་འཁྲི་ལག་ལེན་ཧུར་ཐག་གིས་ལག་ལེན་དུ་བསྟར་ཡོད།
རྣམ་གྲངས་དེས་སྔོན་ལ་ས་གནས་དེ་གའི་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མ་དང་། ཕ་ཡུལ་དུ་ལོག་པའི་ན་གཞོན། གྲོང་གསེབ་ཀྱི་བུད་མེད། དེ་བཞིན་ལག་ཤེས་བཟོ་རྩལ་ལ་དགའ་པོ་བྱེད་མཁན་བཅས་བསྡུས་ཏེ་རིན་མེད་ངང་དངུལ་རྒྱན་གྱི་རྨང་གཞིའི་ལག་རྩལ་གསོ་སྦྱོང་འཛིན་གྲྭ་བཙུགས་པ་དང་ལག་ཤེས་སྦྱོང་བརྡར་ལག་རྩལ་བསླབས་ནས་ཕྱིར་གླ་པར་སྐྱོད་ཐབས་བྲལ་བའི་ས་གནས་དེ་གའི་ཚོགས་སྤྱིར་སྒོ་ཐེམ་དམའ་བ་དང་སྟབས་བསྟུན་ཅན་གྱི་ཐག་ཉེ་སར་ལས་ཞུགས་བྱེད་པའི་ལས་སྟེགས་བཏོད་ཡོད།
རྩལ་ནུས་ཁོང་དུ་ཏན་ཏིག་ཆུད་པའི་མི་སྣར་དམིགས་ནས་ལས་ཞུགས་ལས་གནས་བརྟན་པོ་མཁོ་འདོན་དང་ཡུན་རིང་མངགས་ཐོ་མཉམ་ལས་བྱས་ཏེ་ཐོན་གྲངས་རྩིས་རྒྱག་དང་ལས་མང་ཐོབ་མང་བྱས་ནས་མང་ཚོགས་ཀྱིས་རང་ཁྱིམ་གྱི་སྒོ་འགྲམ་དུ་ལག་རྩལ་སྣ་གཅིག་ལ་བརྟེན་ནས་འབབ་འཕར་བརྟན་པོ་ཡོང་བ་བྱས་ཡོད། བརྒྱུད་རིམ་དེའི་ནང་ས་གནས་དེ་གའི་ན་གཞོན་མང་པོ་ཞིག་གིས་མངོན་མིན་རིག་གནས་ཤུལ་བཞག་ལ་དོ་ཁུར་དང་མངོན་མིན་རིག་གནས་ཤུལ་བཞག་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལས་ཞུགས་བརྟན་པོ་དང་། འབབ་འཕར་ལ་སྐུལ་འདེད། འཕེལ་རྒྱས་ལ་རོགས་རམ་བཅས་བྱེད་པའི་སྤྱི་ཚོགས་ཀྱི་འགན་འཁྲི་ལག་ལེན་བསྟར་ཡོད། བསྟན་འཛིན་གྱིས་བོད་རིགས་ཀྱི་དངུལ་རྒྱན་ལ་བརྟེན་ནས་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་རྒྱུན་འཛིན་བྱེད་པའི་ཐོག་མའི་བསམ་འདུན་མུ་མཐུད་བརྟན་སྲུང་བྱེད་པ་དང་། ས་གནས་དེ་གའི་ལག་ཤེས་དངུལ་རྒྱན་གྱི་ལས་གཏོད་ཁྱབ་ཁོངས་ཟབ་ཏུ་གཏོང་བ། ཐོན་རྫས་ཀྱི་སྤུས་ཚད་དང་གསར་གཏོད་ཇུས་འགོད་མུ་མཐུད་ལེགས་སུ་གཏོང་བ། ཕྱིར་འཚོང་ཐབས་ལམ་རྒྱ་ཆེར་གཏོང་བ། རྩལ་ནུས་གསོ་སྦྱོང་དང་ལས་ཞུགས་སྐུལ་ཁྲིད་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ། མི་རིགས་རིག་གནས་ཀྱི་རྩ་བ་དངོས་སུ་སྲུང་སྐྱོང་བྱེད་པ་བཅས་བྱས་ཏེ་བདེ་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་། ལས་གཏོད་གསར་གཏོད གྲོང་གསེབ་དར་རྒྱས་བཅས་ལ་ལང་ཚོའི་སྒུལ་ཤུགས་བསྩལ་ཡོད།