ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་ནས་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་ཏུ་འབྲེལ་ཡོད་ལས་དོན་སྙན་སེང་ཞུས།
ཟླ་8ཚེས་31ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་ནས་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་དང་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་སོགས་ཞིང་ཆེན་ཐད་གཏོགས་སྡེ་ཚན་དུ་ཕེབས་ནས་འབྲེལ་ཡོད་ལས་དོན་སྙན་སེང་ཞུས། ཞིང་ཆེན་རིམ་པའི་སྲིད་ཇུས་དང་རྣམ་གྲངས། མ་དངུལ་བཅས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ། ཁུལ་ཡོངས་ཀྱི་གཙོ་གནད་ལས་དོན་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་།
ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གི་ཏང་ཙུའི་ཧྲུའུ་ཅི། ཐིང་ཀྲང་ལི་ཞུས་ཏུང་། ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གི་ཏང་ཙུའི་ཧྲུའུ་ཅི། ཐིང་ཀྲང་ལི་ཡན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ལི་ཡན་ལན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་བཅས་འབྲེལ་ཡོད་བཞུགས་མོལ་ནང་ཞུགས།
ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་དུ། ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་ཚབ་བྱས་ནས། ཞིང་ཆེན་སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་དུས་ཡུན་རིང་པོའི་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོང་གིས་ཉེ་བའི་ལོ་ཤས་རིང་། བདེ་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་བྱ་གཞག་བརྟན་པོའི་ངང་ཇེ་ལེགས་ཕྱིན་ཡོད་ལ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཕྱོགས་བསྡུས་ཐེག་ཁུར་ནུས་པ་ཡང་རྒྱུན་མཐུད་ནས་ཤུགས་ཆེར་སོང་ཡོད། མིག་སྔར། འཇོལ་རྫོང་ཉེན་གཡོལ་གནས་སྤོའི་རྣམ་གྲངས་དེ་འགག་སྒྲོལ་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས། ཞིང་ཆེན་སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་གནས་སྤོའི་བཀོད་སྒྲིག་དང་དེ་བཞིན་ལེ་ལག་རྨང་གཞི་སྒྲིག་བཀོད་རྣམ་གྲངས་དེ་ཞིང་ཆེན་རིམ་པའི“ལོ་ལྔ་ཚན་བཅོ་ལྔ་པའི”སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་འཆར་འགོད་ཀྱི་གཙོ་གནད་རྒྱབ་སྐྱོར་གྱི་ནང་དོན་ནང་འཇུག་རོགས་ཞུ། རྣམ་གྲངས་འཛུགས་པ་དང་འཛུགས་སྐྲུན་མ་དངུལ་འཇོག་པ། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་སོགས་ཀྱི་ཐད་ལ་རོགས་སྐྱོར་བྱས་ནས། བདེ་ཆེན་གྱིས་ཚད་གཞི་མཐོ་པོའི་སྒོ་ནས་རྫོང་གྲོང་གསར་པ་བསྐྲུན་རྒྱུར་རམ་འདེགས་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཕྱོགས་བསྡུས་ཐེག་ནུས་སྔར་བས་ཆེ་རུ་གཏོང་རྒྱུ་ཞེས་བསྟན།
ལི་ཞུས་ཏུང་གིས་བདེ་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ལས་དོན་ལ་གྲུབ་འབྲས་ཐོབ་པར་ཁས་ལེན་གང་ལེགས་བྱས། ཁོང་གིས་ཞིང་ཆེན་སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་འཇོལ་རྫོང་ཉེན་གཡོལ་གནས་སྤོའི་འབྲེལ་ཡོད་རྣམ་གྲངས་དེ་ཞིང་ཆེན་ཡོངས་ཀྱི་སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་འཆར་འགོད་ནང་འཇུག་པར་གཅིག་གྱུར་འཆར་འགོད་ཀྱི་སྐུལ་འདེད་གཏོང་ནས། སྲིད་ཇུས་དང་མ་དངུལ། ལག་རྩལ་བཅས་ཀྱི་རོགས་སྐྱོར་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབ་སྟེ། བརྒྱུད་རིམ་ཧྲིལ་པོར་རྣམ་གྲངས་འཛུགས་སྐྲུན་གྱི་མཛུབ་ཁྲིད་ཞབས་ཞུ་ཡག་པོ་བསྒྲུབས་ནས། བདེ་ཆེན་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་ཞན་ཆ་གསབ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ། ཉེན་གཡོལ་གནས་སྤོའི་རྣམ་གྲངས་སྤུས་ཚད་མཐོ་བའི་སྒོ་ནས་ལག་བསྟར་བྱེད་དགོས་ཞེས་བསྟན།
ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་དུ་ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཚབ་བྱས་ནས་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གིས་དུས་ཡུན་རིང་པོར་བདེ་ཆེན་གྱི་“ཞིང་གསུམ”ལས་དོན་ལ་རྒྱབ་སྐྱོར་ཆེན་པོ་གནང་བར་བཀའ་དྲིན་ཆེ་ཞུས། ཁོང་གིས་འཇོལ་རྫོང་ཉེན་གཡོལ་གནས་སྤོ་དེ་མང་ཚོགས་བདེ་སྡོད་ལས་གཏོད་དང་ཡུན་རིང་འཕེལ་རྒྱས་ལ་འབྲེལ་བས་ཞིང་འབྲེལ་སྲིད་ཇུས་དང་མ་དངུལ་མཐུན་སྦྱོར་གྱིས་ནུས་པ་སྤྲོད་རྒྱུའི་དགོས་མཁོ་ཆེན་པོ་ཡོད། ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གིས་ཤར་ནུབ་ཕྱོགས་གཉིས་ཀྱི་མཉམ་ལས་མ་དངུལ་དང་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་མ་དངུལ་བགོ་བཤའ་རྒྱག་པའི་ཐོག་རྒྱབ་སྐྱོར་གནང་སྟེ་གནས་སྤོའི་རྗེས་མཐུད་ཐོན་ལས་སྐྱེད་སྲིང་བྱེད་རོགས་དང་བཀོད་སྒྲིག་ཁུལ་གྱི་སྤྱི་པའི་ལེ་ལག་ཚང་སྒྲིག་འཐུས་སྒོ་ཚང་དུ་བཏང་ནས་གནས་སྤོས་མང་ཚོགས་བརྟན་པོ་དང་། འཕེལ་རྒྱས། ཕྱུག་འགྱུར་བཅས་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་བསྟན།
ལི་ཡན་གྱིས་བདེ་ཆེན་གྱིས་འཇོལ་རྫོང་ཉེན་གཡོལ་གནས་སྤོ་དང་གྲོང་གསེབ་དར་རྒྱས་ལས་དོན་གཅིག་འགྱུར་འཆར་འགོད་བྱས་ནས་སྐུལ་འདེད་གཏོང་བར་ཁས་ལེན་གང་ལེགས་གནང་། ཁོང་གིས་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གིས་གྲོང་གསེབ་དར་རྒྱས་ཀྱི་རིགས་སོ་སོའི་སྲིད་ཇུས་དང་མ་དངུལ་གཅིག་འགྱུར་འཆར་འགོད་བྱས་ནས་བེད་སྤྱོད་ཡག་པོ་བྱ་རྒྱུ་ཡིན་པ་དང་། ནུས་ཤུགས་ཡོད་རྒུས་བདེ་ཆེན་གྱིས་གནས་སྤོ་བྱས་རྗེས་ཀྱི་རོགས་སྐྱོར་ལ་རྒྱབ་སྐྱོར་བྱས་ནས་མཐོ་སྒང་གི་ཁྱད་ལྡན་ཐོན་ལས་དང་བཀོད་སྒྲིག་བྱེད་ཁུལ་གྱི་འཕེལ་རྒྱས་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ་དང་། གནས་སྤོ་མང་ཚོགས་ཀྱི་ཡུན་རིང་འབབ་འཕར་ཕྱུག་འགྱུར་གྱི་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ་ཞེས་བསྟན།
དེའི་རིང་ལ། ལུའོ་ཁྲའོ་ཧྥེང་དང་བཅས་པས་ད་དུང་ཡུན་ནན་འཛུགས་སྐྲུན་དང་མ་འཇོག་ཚོགས་པར་འབྲེལ་ཡོད་ལས་དོན་སྦྲེལ་མཐུད་བྱས། ཡུན་ནན་འཛུགས་སྐྲུན་དང་མ་འཇོག་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི། ཏུང་ཧྲི་ཀྲང་ཁྲེན་ཙུའུ་ཅུན། ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཏུང་ཧྲི་ཀྲང་གཞོན་པ། སྤྱི་ཁྱབ་ཅིང་ལི་ཁྲེན་ཀྲོའུ་ཞང་བཞུགས་མོལ་ཚོགས་འདུར་ཞུགས།
ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གི་དབྱང་ཡུས་དང་། ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གི་ཉིང་ཡ་ཉིང་། ཧྥན་ཀང་། ཡུན་ནན་འཛུགས་སྐྲུན་དང་མ་འཇོག་ཚོགས་པའི་ལིའུ་ཝུན་ཕིང་། དབྱང་གོ་ཝུན། ལིའུ་ཅིན་རུང་། རང་ཁུལ་གྱི་འགོ་ཁྲིད་ལི་ཐའོ་དང་མ་གོ་ཀྲུང་། འཇོལ་རྫོང་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འབྲེལ་ཡོད་འགན་འཁུར་མི་སྣ་སོ་སོར་འབྲེལ་ཡོད་བཞུགས་མོལ་ཚོགས་འདུར་ཞུགས།
འགན་འཁུར་རྩོམ་སྒྲིག་པ།:扎史次里
- བདེ་ཆེན་གསར་འགྱུར།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་ནས་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་ཏུ་འབྲེལ་ཡོད་ལས་དོན་སྙན་སེང་ཞུས།
ཁུལ་ཡོངས་ཀྱི་འབྲུབ་འགོག་དང་བདེ་འཇགས་ཐོན་སྐྱེད། མེ་ཟོན་བདེ་འཇགས། ཡོམ་འགོག་གེགས་སེལ་ལས་དོན་བཅས་ཀྱི་བརྙན་ལམ་ཚོགས་འདུ་འཚོགས་པ།
འབའ་ལུང་རྫོང་གིས་"8・28"མཐའ་ཆུ་གྲོང་རྡལ་གྱི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐག་གཅོད་ནུས་ལྡན་བྱས་པ།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་བཞི་པ་པེ་ཅིང་དུ་གྲོལ་བ།
“གསང་ཡུལ་བདེ་ཆེན། ཚོན་མདངས་སྣ་བརྒྱ་བཀྲ་བ།” 2026ལོའི་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་(ཚོད་ལྟ)ཁུལ་འཛུགས་སྐྲུན་གྱི་སྤེལ་རེས་འགྲེམས་སྟོན་བྱེད་སྒོའི་ཐུན་མོང་ངོས་འཛིན་མཉམ་སྐྲུན་གྱི་གན་འཇོག་མཛད་སྒོ་དང་རིག་གནས་དང་རང་བྱུང་གླེང་མོལ་གྱི་ཆེད་དོན་རིག་གཞུང་མཉམ་སྤྱོད་ཚོགས་འདུ་འཚོགས་པ།
རྒྱལ་ཡོངས་ཕུལ་བྱུང་གི་མང་ཚོགས་རིག་རྩལ་རོལ་དབྱངས་དཔེ་སྟོན་རང་བཞིན་གྱི་འགྲེམས་འཁྲབ་ཡུན་ནན་བདེ་ཆེན་དུ་སྐྱོད།
ལི་ཡན་ལན་གྱིས་རུ་ཁག་སྣེ་ཁྲིད་དེ་ནགས་ཕག་མཚོའི་ཆུའི་སྤུས་ཚད་མཐོ་རུ་གཏོང་བའི་ལས་དོན་ལ་བརྟག་ཞིབ་གནང་བ།
“ཆུ་བོའི་མགོ་ཁུངས་གཉིས་ཀྱི་སྟོད།གཙང་གསུམ་མཉམ་བཞུར།——ཚེ་འདིའི་བརྩེ་སེམས་གཏན་འཁེལ་G214”གཞུང་ལམ་ཡུལ་སྐོར་བྱེད་སྒོ་སྤེལ་འགོ་ཚུགས་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108