སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་གཞི་》ཡི་སྐོར་གྱི་གསལ་བཤད།

ཁྱབ་བསྒྲགས་དུས་ཚོད་:2025ལོ་10ཟླ་བ་29ཉི་མ་ 00:52:43 འབྱུང་ཁུངས་:新华社

 

རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་གཞི་ཡི་སྐོར་གྱི་གསལ་བཤད།

 

ཞི་ཅིན་ཕིང་།

 

བློ་མཐུན་རྣམ་པ།

ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མངགས་བཅོལ་ལྟར། ངས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་གཞི་(གཤམ་དུ་གྲོས་གཞི་ཞེས་བསྡུ་རྒྱུ།)ཡི་མ་ཟིན་བཀོད་པའི་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་ཞུ་རྒྱུ་ཡིན།

གཅིགགྲོས་གཞི་ཡི་མ་ཟིན་བཀོད་པའི་བརྒྱུད་རིམ།

དུས་ཡུན་རིང་འབྲིང་གི་འཆར་འགོད་གཏན་འབེབས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་མཛུབ་སྟོན་བྱེད་པ་ནི་ང་ཚོའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན། “ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་ད་ལོ་ལེགས་འགྲུབ་འབྱུང་གྲབས་ཡོད་པས། “ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་ཞིབ་འཇུག་དང་གཏན་འབེབས་བྱེད་དགོས། “ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་ཞིབ་འཇུག་དང་གཏན་འབེབས་ཡག་པོ་བྱེད་པ་དེས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། དུས་ལྟར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་རྨང་གཞི་སྔར་ལས་བརྟན་པོ་འདིང་བར་དོན་སྙིང་ཆེན་པོ་ལྡན་ཡོད།

ད་ལོའི་ཟླ་དང་པོར། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གཏན་འབེབས་བྱས་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་“ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་ཀྱི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ་དང་། ཡིག་ཆ་ཟིན་འགོད་ཚོ་ཆུང་བཙུགས་ཏེ། ངས་ཚོ་ཆུང་གི་འགོ་འཛིན་གྱི་འགན་འཁུར་རྒྱུ་དང་། བློ་མཐུན་ལི་ཆང་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་བཅས་ཀྱིས་ཚོ་ཆུང་གི་འགོ་འཛིན་གཞོན་པའི་འགན་འཁུར་རྒྱུ། འབྲེལ་ཡོད་སྡེ་ཁག་དང་ས་གནས་ཀྱི་འགན་འཁུར་བློ་མཐུན་ཞུགས་ཏེ། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག་གྲོས་གཞི་ཡི་མ་ཟིན་འགོད་པའི་ལས་ཀ་སྒྲུབ་འགན་འཁུར་རྒྱུ་བྱས། ཟླ་2ཚེས་11ཉིན། ཡིག་ཆ་ཟིན་འགོད་ཚོ་ཆུང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ནས་གྲོས་གཞི་ཡི་མ་ཟིན་འགོད་པའི་ལས་ཀ་དངོས་སུ་སྒྲུབ་འགོ་ཚུགས་ཡོད།

ཏང་ཀྲུང་དབྱང་གིས་དམངས་གཙོ་དར་སྤེལ་དང་བློ་བསྡུས་དགེ་འཚོལ་བྱ་རྒྱུ་དེ་ཡིག་ཆ་ཟིན་འགོད་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཤིང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་ཕྱོགས་སོ་སོའི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ཡོད། ཟླ་1ཚེས་22ཉིན། ཏང་ཀྲུང་དབྱང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་“ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་ཀྱི་གྲོས་གཞིར་ཞིབ་འཇུག་བྱེད་པར་བསམ་འཆར་བསྡུ་ལེན་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་ནས་ཏང་ཕྱི་ནང་གི་ཁྱབ་ཁོངས་ངེས་ཅན་ནང་བསམ་འཆར་བསྡུ་ལེན་བྱས་ཡོད། ཟླ་2པའི་ཟླ་སྨད་དུ། ཏང་ཀྲུང་དབྱང་གིས་བརྟག་དཔྱད་ཞིབ་འཇུག་ཚོ་ཆུང་6སྒྲིག་འཛུགས་བྱས་ཏེ། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་12ལ་ཆེད་དོན་བརྟག་དཔྱད་ཞིབ་འཇུག་བྱེད་པར་བསྐྱོད་པ་རེད། དེ་དང་ཆབས་ཅིག ཏང་ཀྲུང་དབྱང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཁག་ཅིག་ལ་གཙོ་གནད་ཞིབ་འཇུག་བྱ་གཞི་35ལ་ཞིབ་འཇུག་བྱ་རྒྱུ་བཀོད་སྒྲིག་བྱས་པ་རེད། ཟླ་4ཚེས་30ཉིན། ངས་ཧྲང་ཧའེ་རུ་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་ཅིག་གི་“ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་བྱས་པ་ཡིན། ཕྱིས་སུ་བློ་མཐུན་ལི་ཆང་ལ་མངགས་བཅོལ་བྱས་ཏེ་སྔ་རྗེས་སུ་དཔལ་འབྱོར་ལས་རིགས་དང་། ཚན་རྩལ་ལས་རིགས། གཞི་རིམ་འཐུས་མི་བཅས་ཀྱི་བཞུགས་མོལ་ཚོགས་འདུ་ཁག་3སྐོང་འཚོག་བྱས་པ་ཡིན། ང་ཚོས་ད་དུང་དྲ་ཐོག་ནས་བསམ་འཆར་བསྡུ་ལེན་གྱི་བྱེད་སྒོ་སྤེལ་བ་ལ་ལན་ཁྲི་300ལྷག་འབྱོར་ཡོད་ཅིང་། འབྲེལ་ཡོད་ཕྱོགས་ཀྱིས་དེའི་ཁྲོད་ནས་གྲོས་གཞི་1500ལྷག་ལེགས་སྒྲིག་བྱས་ཡོད། ཕྱོགས་སོ་སོས་ཡོངས་ཁྱབ་ཏུ་ངོས་འཛིན་བྱས་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་“ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་ཀྱི་གྲོས་གཞིའི་སྐོར་གྱི་གནད་དོན་གཙོ་གནད་དུ་བཟུང་ནས་ཞིབ་འཇུག་བྱེད་པ་དེར་རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་ཀྱི་འཐབ་ཇུས་ཁྲིད་ཕྱོགས་ཀྱི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པར་བྱེད་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་ཡར་བརྩོན་བྱེད་པའི་སྟོབས་ཤུགས་ཆེན་པོ་སྔར་བས་གོང་བུར་བསྒྲིལ་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་དོན་སྙིང་ཆེན་པོ་ལྡན་ཡོད། ཕྱོགས་བསྡུས་ཀྱིས་བརྡར་ཤ་བཅད་ན། “ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་སུ་རང་རྒྱལ་གྱི་འཕེལ་རྒྱས་ལ་ཕྲད་པའི་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁའི་འགྲན་སློང་མཉམ་དུ་གནས་ཤིང་། ངེས་གཏན་མེད་པ་དང་སྔོན་དཔག་བྱེད་དཀའ་བའི་རྒྱུ་རྐྱེན་མང་དུ་འགྲོ་བཞིན་ཡོད་ནའང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བ་ཡུན་རིང་བཟང་ཕྱོགས་སུ་འཕེལ་བའི་འདེགས་སྐྱོར་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་ལྡོག་བྱུང་མེད། ཕྱོགས་སོ་སོས་ཡོངས་ཁྱབ་ཏུ་རེ་བ་བཏོན་དོན། “ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་སྤྱིའི་བསམ་ཕྱོགས་དང་། རྩ་དོན་གལ་ཆེན། དམིགས་འབེན་གཙོ་བོ། འཐབ་ཇུས་ཀྱི་ལས་འགན། བྱེད་ཐབས་གནད་ཆེན་བཅས་ཁ་གསལ་བཟོས་ནས་“ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་སུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་རྨང་གཞི་སྔར་ལས་བརྟན་པོ་འདིང་དགོས།

ཟླ་8ཚེས་4ཉིན། གྲོས་གཞི་ཡི་མ་ཟིན་ལ་ཏང་ནང་གི་ཁྱབ་ཁོངས་ངེས་ཅན་ཞིག་ཏུ་བསམ་འཆར་བསྡུ་ལེན་བྱས་ཤིང་། དེའི་ནང་དུ་ཏང་ནང་གི་བློ་མཐུན་རྒན་གྲས་ཁག་ཅིག་གི་བསམ་འཆར་བསྡུ་ལེན་བྱས་པའང་ཚུད་ཡོད། ད་དུང་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་པ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་ལ་ཡང་ཆེད་དུ་ཉན་པ་ཡིན། བསམ་འཆར་བསྡུ་ལེན་བྱས་པའི་གནས་ཚུལ་ལ་བལྟས་ན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གྲོས་གཞི་ཡི་མ་ཟིན་ལ་ཁས་ལེན་གང་ལེགས་བྱས་ཡོད། ཚང་མས་མགྲིན་གཅིག་ཏུ་ངོས་འཛིན་བྱས་དོན།གྲོས་གཞི་ཡི་མ་ཟིན་གྱིས་“ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་སུ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ལོ་རྒྱུས་གནས་ཕྱོགས་ཁོང་དུ་ཡང་དག་ཆུད་པར་བྱས་ཐོག རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་ལ་ཕྲད་པའི་རྙོག་འཛིང་ཆེ་ཞིང་གཏིང་ཟབ་པའི་འགྱུར་ལྡོག་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་། འབྱུང་འགྱུར་ལོ་5རིང་གི་འཕེལ་རྒྱས་གཏོང་ཕྱོགས་ལ་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་བཀོད་སྒྲིག་བྱས་ཡོད་ལ། སློབ་སྟོན་བྱེད་ཕྱོགས་ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བ་དང་། དམིགས་འབེན་གཙོ་བོ་ཁ་གསལ་ངེས་གཏན། ལས་འགན་དང་བྱེད་ཐབས་བདེན་འཚོལ་དངོས་སྒྲུབ་བཅས་ཡིན་པ་མ་ཟད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བབ་བསྟུན་འཕྲལ་སྒྲུབ་དང་འཕྲོ་མཐུད་སྐུལ་འདེད་གཏོང་བའི་སྤྱིའི་སྐུལ་སློང་དང་སྤྱིའི་བཀོད་སྒྲིག་བྱེད་ཐེངས་གསར་པ་ཞིག་ཀྱང་ཡིན་ཞིང་། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཡོང་བ་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་ཡོང་བའི་ངོ་མཚར་ཆེན་པོ་གཉིས་ཀྱི་ལེ་ཚན་གསར་པ་མུ་མཐུད་དུ་རྩོམ་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་སྟོབས་ཤུགས་ཆེར་སྐྱེད་ཀྱིས་གཏོད་པའི་ལོ་རྒྱུས་ཀྱི་རང་འགུལ་མཚོན་ཡོད་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་གལ་ཆེ་ཞིང་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་ངེས་ཡིན། དུས་མཚུངས་སུ། ཕྱོགས་སོ་སོས་བསམ་འཆར་དང་གྲོས་གཞི་ཡག་པོ་གང་མང་བཏོན་ཡོད། ཡིག་ཆ་ཟིན་འགོད་ཚོ་ཆུང་གིས་རེ་རེ་བཞིན་དབྱེ་ཞིབ་བྱས་ཏེ། བསྡུ་ལེན་བྱེད་ཐུབ་རིགས་བསྡུ་ལེན་གང་ཐུབ་བྱས་ནས་གྲོས་གཞི་ཡི་མ་ཟིན་ལ་ཁ་སྣོན་དང་། བཟོ་བཅོས། ཡིག་ཚོགས་བསྡུས་པ་བཅས་ཁྱོན་བསྡོམས་218བྱས་ཤིང་། ཕྱོགས་སོ་སོའི་བསམ་འཆར་དང་གྲོས་གཞི་ཚན་པ་452ལ་ཁེབས་ཡོད།

གྲོས་གཞི་ཡི་མ་ཟིན་འགོད་རིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་3འཚོགས་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་ཐེངས་2འཚོགས་ཏེ་གྲོས་ཞིབ་བྱས་པ་དང་བཟོ་བཅོས་བརྒྱབ་ནས་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་གྲོས་ཞིབ་གནང་བྱར་ཕུལ་བའི་གྲོས་གཞི་ཡི་མ་ཟིན་འདི་གྲུབ་པ་ཡིན།

ཐེངས་འདིའི་ཡིག་ཆའི་མ་ཟིན་འགོད་པའི་ལས་ཀ་ནི་ཏང་ནང་གི་དམངས་གཙོ་དང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་དར་སྤེལ་གཏོང་བའི་གསོན་ཉམས་ལྡན་པའིལག་ལེན་བྱེད་ཐེངས་གསར་པ་ཞིག་རེད་ཅེས་བརྗོད་ཆོག

གཉིས། གྲོས་གཞི་ཡི་མ་ཟིན་འགོད་པའི་བསམ་བློ་གཏོང་ས་གཙོ་བོ་དང་གྲོས་གཞི་ཡི་མ་ཟིན་གྱི་གཞི་རྩའི་ནང་དོན།

གྲོས་གཞི་ཡི་མ་ཟིན་འགོད་པའི་སྤྱིའི་བསམ་བློ་གཏོང་ས་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་སྐྲུན་ཚར་བར་བྱེད་པའི་“གོམ་པ་གཉིས་བགྲོད་”ཀྱི་འཐབ་ཇུས་བཀོད་སྒྲིག་ལྟར། “ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་སུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འཕེལ་རིམ་ནང་གི་གོ་གནས་གལ་ཆེན་ཁོང་དུ་ཡང་དག་ཆུད་པ་དང་། རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་སུ་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བ་ལ་མ་ལག་ལྡན་པར་ཇུས་འགོད་དང་འཐབ་ཇུས་བཀོད་སྒྲིག་བྱས་ཡོད།

གྲོས་གཞི་ཡི་མ་ཟིན་འགོད་པའི་བརྒྱུད་རིམ་ཁྲོད། ང་ཚོས་གཤམ་གསལ་གྱི་གནད་འགའ་ཁོང་དུ་ཆུད་པར་དོ་སྣང་བྱེད་དགོས་པ་སྟེ། གཅིག་ནི་དམིགས་འབེན་ཁྲིད་ཕྱོགས་སུ་འཛིན་རྒྱུ་དང་གནད་དོན་ཁྲིད་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཐོག རྨང་གཞི་བརྟན་པོ་འདིང་བ་དང་ཕྱོགས་ཡོངས་ནས་ཤུགས་འདོན་པའི་གཞི་རྩའི་གནས་ངེས་ལ་གཞི་ཚུགས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དམིགས་འབེན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་རྨང་གཞི་སྔར་ལས་བརྟན་པོ་འདིང་རྒྱུར་དམིགས་ནས་མ་ལག་ལྡན་པར་ཇུས་འགོད་བྱེད་པ་དང་། ཤུགས་ལྡན་རིམ་ལྡན་ནུས་ལྡན་བཅས་ཀྱི་སྒོ་ནས་འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་གྱི་གནས་བབ་གསར་པ་དང་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་མངོན་གསལ་ཅན་ལ་ཁ་གཏད་འཇལ་རྒྱུ་ཤུགས་རྒྱག་ས་བྱས་ཏེ་ཆད་སྐྱོན་ཁ་གསབ་དང་ཞན་ཆ་ཁ་སྐོང་བྱེད་དགོས། གཉིས་ནི་མ་ལག་ལྡན་པའི་བསམ་གཞིགས་རྒྱུན་འཁྱོངས་བྱས་ཏེ། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་ཀྱི་བཀོད་པ་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་བླང་བྱ་ལྟར། དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བ་དང་ཏང་འཛུགས་སྐྲུན་གྱི་ཕྱོགས་སོ་སོའི་ལས་ཀར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱེད་དགོས། གསུམ་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་དང་། སྒྱུར་བཅོས་བྱེད་ཐབས་སྤྱད་ནས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་རྒྱུར་སྣང་ཆེན་བྱས་ཏེ་འཕེལ་རྒྱས་ལ་སྒུལ་ཤུགས་སྣོན་པ་དང་གསོན་ཤུགས་སྐུལ་སློང་བྱེད་དགོས། བཞི་ནི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་དེ་རང་གི་སྟོབས་ཤུགས་ཀྱི་རྨང་གཞིའི་ཐོག་འཇོག་དགོས་ལ་གོ་ལ་ཧྲིལ་པོའི་བདག་རྐྱེན་དང་ཚོང་རའི་ཐོན་ཁུངས་གཅིག་འདོམས་ཀྱིས་བེད་སྤྱོད་ཡག་པོ་ཡང་བྱེད་དགོས།

གྲོས་གཞི་ཡི་མ་ཟིན་ནི་དོན་ཚན་15ལས་གྲུབ་ཡོད་པ་དང་ཁག་ཆེན་པོ་གསུམ་དུ་བགོས་ཡོད་དེ། ཁག་དང་པོའི་ནང་དོན་ཚན་དང་པོ་དང་དོན་ཚན་གཉིས་པ་སྟེ་དོན་ཚན་2ཚུད་ཡོད་ཅིང་། དེ་ནི་སྤྱི་བཤད་ཡིན། དེའི་ནང་གཙོ་བོ་“ལོ་ལྔ་ཚན་བཅུ་བཞི་པའི་”དུས་སྐབས་སུ་རང་རྒྱལ་གྱི་འཕེལ་རྒྱས་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་སྔ་ཤུལ་ཕྱི་འཛིན་གྱི་གོ་གནས་གལ་ཆེན་བཟུང་ཡོད་པ། “ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་སུ་རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་ནི་རྙོག་འཛིང་ཆེ་ཞིང་གཏིང་ཟབ་པའི་འགྱུར་ལྡོག་དང་ཕྲད་ཡོད་པ། “ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་སློབ་སྟོན་བསམ་བློ་དང་། བརྩི་སྲུང་ཞུ་དགོས་པའི་རྩ་དོན་དང་དམིགས་འབེན་གཙོ་བོ་སོགས་ཀྱི་ནང་དོན་རྒྱས་བཤད་བྱས་ཡོད། ཁག་གཉིས་པའི་ནང་དོན་ཚན་གསུམ་པ་ནས་དོན་ཚན་བཅུ་བཞི་པའི་བར་གྱི་དོན་ཚན་12ཚུད་ཡོད་ཅིང་། དེ་ནི་རྒྱས་བཤད་ཡིན། དེའི་ནང་གཙོ་བོ་ཁྱོན་ཡོངས་དང་ཕུགས་རིང་དང་འབྲེལ་བ་ཡོད་པའི་གཙོ་གནད་གནད་དོན་ལ་དམིགས་ཏེ། ཁྱབ་ཁོངས་དབྱེ་ནས་“ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་ཀྱི་འཐབ་ཇུས་ཀྱི་ལས་འགན་དང་བྱེད་ཐབས་གནད་ཆེན་བཀོད་སྒྲིག་བྱས་ཤིང་། ཐོན་ལས་འཕེལ་རྒྱས་དང་། ཚན་རྩལ་གསར་གཏོད། རྒྱལ་ནང་གི་ཚོང་ར། དཔལ་འབྱོར་སྒྲིག་སྲོལ། ཕྱི་ཕྱོགས་སྒོ་འབྱེད། གྲོང་གསེབ་དར་རྒྱས། ས་ཁོངས་འཕེལ་རྒྱས་བཅས་ནས་རིག་གནས་འཛུགས་སྐྲུན་དང་། དམངས་འཚོ་འགན་སྲུང་། ལྗང་མདོག་འཕེལ་རྒྱས། བདེ་འཇགས་འཕེལ་རྒྱས། རྒྱལ་སྲུང་འཛུགས་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བསམ་ཕྱོགས་དང་གཙོ་གནད་ལས་ཀ་ཁ་གསལ་བཟོས་ཡོད། ཁག་གསུམ་པའི་ནང་དོན་ཚན་བཅོ་ལྔ་པ་དང་མཇུག་བསྡུའི་གཏམ་ཚུད་ཡོད་ཅིང་། གཙོ་བོ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་རྒྱག་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དང་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཞང་ཀང་ཨའོ་མོན་ཐའེ་ཝན་གསུམ་གྱི་ལས་དོན། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱེད་པ་སོགས་ཀྱི་ལས་འགན་བཀོད་སྒྲིག་བྱས་ཡོད།

གསུམ། གསལ་བཤད་བྱེད་དགོས་པའི་གཙོ་གནད་གནད་དོན་འགའ་ཞིག

གྲོས་གཞི་ཡི་མ་ཟིན་ནང་ལྟ་བ་གལ་ཆེན་དང་བྱེད་ཐབས་གནད་ཆེན་འགའ་བཏོན་ཡོད། འདིར་དེའི་ཁྲོད་ཀྱི་གཙོ་གནད་གནད་དོན་འགའ་ཞིག་ལ་གསལ་བཤད་མདོར་བསྡུས་ཞུ་རྒྱུ་ཡིན།

དང་པོ། “ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་ཀྱི་གོ་གནས་གལ་ཆེན་སྐོར། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱ་རྒྱུ་ནི་སྐས་རིམ་ལྟར་འཕར་བ་དང་རྒྱུན་ཆད་མེད་པར་གོང་འཕེལ་ཡར་ཐོན་ཡོང་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཡིན་པས། འབད་བརྩོན་ལྷོད་མེད་དང་འཕྲོ་མཐུད་འབད་འཐབ་བྱེད་དགོས།གྲོས་གཞི་ཡི་མ་ཟིན་ནང་བཏོན་དོན། “ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་སྔ་ཤུལ་ཕྱི་འཛིན་གྱི་གོ་གནས་གལ་ཆེན་བཟུང་ཡོད་པ་དང་། འདི་ནི་“ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་སུ་འཁུར་དགོས་པའི་ལོ་རྒྱུས་ཀྱི་ལས་འགན་གཞིར་བཟུང་ནས་བརྡར་ཤ་བཅད་པ་ཞིག་ཡིན། ཏང་གི་ཚོགས་ཆེན་ཉི་ཤུ་པས་2035ལོར་སླེབས་དུས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུ་གཏན་འཁེལ་བྱས་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི་”དུས་སྐབས་ནི་ལོ་ལྔ་ཚན་དང་པོ་ཡིན་ཞིང་། རྨང་གཞི་བརྟན་པོ་བཏིང་ནས་འགོ་ཡག་པོ་ཚུགས་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་ནི་རྨང་གཞི་བརྟན་པོ་འདིང་བ་དང་ཕྱོགས་ཡོངས་ནས་ཤུགས་འདོན་པའི་གནད་འགག་གི་དུས་སྐབས་ཡིན་པས། “ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་གཏན་འབེབས་དང་ལག་བསྟར་ཡག་པོ་བྱས་ན། 2035ལོར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་རྨང་གཞི་སྔར་ལས་བརྟན་པོ་འདིང་ཐུབ།

གྲོས་གཞི་ཡི་མ་ཟིན་ནང་གཞི་རྩའི་གནས་ངེས་འདིར་གཞི་ཚུགས་ནས་“ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་ཀྱི་འཕེལ་རྒྱས་ཇུས་འགོད་བྱས་ཡོད་དེ། “ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་ནང་བཏོན་པའི་འདུ་ཤེས་དང་བསམ་ཕྱོགས་ཀྱི་རྒྱུན་མཐུད་རང་བཞིན་མཐའ་འཁྱོངས་བྱས་ལ་འབྱུང་འགྱུར་ལོ་5རིང་གི་རང་རྒྱལ་གྱི་འཕེལ་རྒྱས་འགྲོ་ཕྱོགས་ཆེན་པོ་ཡང་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ། དོན་དངོས་དང་མཐུན་ཞིང་སྔོན་ཚོད་རང་བཞིན་ལྡན་པའི་སྤྱིའི་བསམ་ཕྱོགས་དང་། རྩ་དོན་གནད་ཆེན། དམིགས་འབེན་གཙོ་བོ། འཐབ་ཇུས་ཀྱི་ལས་འགན་བཅས་བཏོན་ཡོད། དུས་ཚོད་ཀྱི་སྐར་ཁུང་འདི་དམ་འཛིན་བྱས་ཏེ། དགེ་མཚན་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། འགག་རྩའི་ཚོད་འཛིན་སེལ་བ། ཆད་སྐྱོན་དང་ཞན་ཆ་གསབ་པ་བཅས་བྱས་ཏེ། རྒྱལ་སྤྱིའི་འགྲན་རྩོད་དྲག་པོའི་ཁྲོད་འཐབ་ཇུས་ཀྱི་རང་དབང་ལག་ཏུ་ཟིན་པར་བྱེད་དགོས་ཤིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ཀྱི་ལས་འགན་ལ་འགག་སྒྲོལ་གནད་ཆེན་ཡོང་བར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་ཐག་གཅོད་རང་བཞིན་གྱི་འཕེལ་སྐྱེད་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས།

གཉིས་པ། “ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་དམིགས་འབེན་སྐོར། ཚན་རིག་དང་མཐུན་པར་འཕེལ་རྒྱས་ཀྱི་དམིགས་འབེན་གཏན་འཁེལ་བྱ་རྒྱུ་དེ་ལོ་ལྔའི་འཆར་འགོད་གཏན་འབེབས་དང་ལག་བསྟར་ཡག་པོ་བྱ་རྒྱུར་གལ་འགངས་ཤིན་ཏུ་ཆེ། གྲོས་གཞི་ཡི་མ་ཟིན་ནང་“ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་ཀྱི་གཞི་རྩའི་གནས་ངེས་དང་དུས་རིམ་རང་བཞིན་གྱི་བླང་བྱ་ཁོང་དུ་ཆུད་ཅིང་། དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་དམིགས་འབེན་གཙོ་བོ་གསལ་པོར་བསྟན་ཡོད། 2035ལོར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུའི་མཚོན་རྟགས་རང་བཞིན་གྱི་དམིགས་ཚད་གལ་ཆེན་ཞིག་ནི་མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དར་རྒྱས་འབྲིང་ཙམ་བྱུང་བའི་རྒྱལ་ཁབ་ཀྱི་ཆུ་ཚད་དུ་སླེབས་པ་བྱ་རྒྱུ་དེ་ཡིན་ཞིང་། དེས་“ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་མྱུར་ཚད་འོས་འཚམ་མཐའ་འཁྱོངས་བྱེད་དགོས་པའི་བླང་བྱ་བཏོན་ཡོད། གྲོས་གཞི་ཡི་མ་ཟིན་ནང་ཞིབ་འཇུག་གཏིང་ཟབ་དང་ཚན་རིག་དང་མཐུན་པར་རིགས་པས་ཁུངས་སྐྱེལ་བྱས་པའི་རྨང་གཞིའི་ཐོག དཔལ་འབྱོར་འཕར་སྣོན་དེ་ལུགས་མཐུན་གྱི་བར་མཚམས་སུ་གནས་པ་མཐའ་འཁྱོངས་བྱེད་པ་དང་། བདག་རྐྱེན་ཆ་ཚང་གི་ཐོན་སྐྱེད་འགྲོས་ཚད་བརྟན་པོའི་ངང་མཐོར་འདེགས་གཏོང་བ། དཔལ་འབྱོར་འཕར་སྣོན་ཡོང་བའི་གཏིང་ཤུགས་གང་ལེགས་གློད་པ་དང་། སྡོད་དམངས་ཀྱི་ཡོང་འབབ་འཕར་སྣོན་དང་དཔལ་འབྱོར་འཕར་སྣོན་དུས་མཉམ་ཡོང་བ། ངལ་རྩོལ་གྱི་ཐོབ་ཆ་མཐོ་རུ་གཏོང་བ་དང་ངལ་རྩོལ་ཐོན་སྐྱེད་འགྲོས་ཚད་མགྱོགས་སུ་གཏོང་བ་དུས་མཉམ་ཡོང་བ། ཡོང་འབབ་འབྲིང་གྲས་ཀྱི་མི་ཚོགས་རྒྱུན་མཐུད་ངང་མང་དུ་གཏོང་བ་སོགས་ཀྱི་དམིགས་འབེན་གལ་ཆེན་བཏོན་ཡོད། དུས་མཚུངས་སུ། ད་ལྟའི་དུས་རིམ་དུ་རྒྱལ་ནང་གི་དཔལ་འབྱོར་མར་ཆག་པའི་གནོན་ཤུགས་ཇེ་ཆེར་སོང་བ་དང་། ནུས་ལྡན་དགོས་མཁོ་མི་འདང་བ་སོགས་ཀྱི་གནད་དོན་མངོན་གསལ་ཅན་ལ་གཞིགས་ཏེ། གྲོས་གཞི་ཡི་མ་ཟིན་ནང་སྡོད་དམངས་ཀྱི་འཛད་སྤྱོད་བྱེད་ཚད་མཐོར་འདེགས་མངོན་གསལ་ཡོང་བ་དང་། ནང་མཁོས་དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གཙོ་བོའི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས་པ་སོགས་ཀྱི་དམིགས་འབེན་བཏོན་ཡོད།

དེ་སྔའི་བྱེད་སྟངས་དཔྱད་གཞིར་བཟུང་སྟེ། གྲོས་གཞི་ཡི་མ་ཟིན་ནང་བཏོན་དོན། “ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་དམིགས་འབེན་གཙོ་བོ་ནི་ངོ་བོ་གཏན་འཁེལ་གྱི་བླང་བྱ་ཡིན་ཞིང་།གྲོས་གཞི་ཡི་སྤྱི་ཁོག་མཛུབ་སྟོན་ནུས་པ་སྔར་ལས་ལེགས་པར་མཚོན་པ་དང་འདོན་སྤེལ་བྱེད་ཆེད། དགོས་ངེས་ཀྱི་གྲངས་ཚད་གཏན་འཁེལ་གྱི་བླང་བྱ་དང་ལས་ཀའི་བཀོད་སྒྲིག་ཞིབ་ཕྲ་ཁག་ཅིག་འཆར་འགོད་རྩ་གནད་བཟོ་སྐབས་ཞིབ་འཇུག་དང་གཏན་འཁེལ་བྱ་རྒྱུར་བཞག་ཡོད།

གསུམ་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་འཛིན་རྒྱུའི་སྐོར། གྲོས་གཞི་དང་“ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་གཅིག་རྒྱུན་གཅིག་འཛིན་ཡིན་ཞིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་“ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་བརྗོད་དོན་གཙོ་བོར་མུ་མཐུད་གཏན་འཁེལ་བྱས་ནས་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཆ་ཚང་དང་། ཡང་དག ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་པ། སྤུས་ཚད་ཇེ་མཐོར་ནུས་ལྡན་ཡོང་བ་དང་གྲངས་འབོར་འཕར་སྣོན་ལུགས་མཐུན་ཡོང་བ་མངོན་འགྱུར་བྱེད་པ། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་བླང་བྱ་བཏོན་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གལ་ཆེ་ཤོས་ནི་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མགྱོགས་སུ་གཏོང་རྒྱུ་དེ་ཡིན་ཞིང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཧུར་ཐག་བཏང་ནས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། སྒུལ་ནུས་གསར་པ་སྐྱེད་སྲིང་གང་མགྱོགས་བྱས་ཏེ། དཔལ་འབྱོར་གྲུབ་ཚུལ་ལེགས་སྒྱུར་རིམ་སྤར་ལ་སྐུལ་སྤེལ་གཏོང་བ་བཅས་ཀྱི་ཐད་ངོ་བོའི་རང་བཞིན་དང་ཐོད་བརྒལ་རང་བཞིན་གྱི་འཕེལ་སྐྱེད་ཡོང་བ་བྱེད་དགོས།

གྲོས་གཞི་ཡི་མ་ཟིན་ནང་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ནུས་པ་འབུར་དུ་ཐོན་པར་བྱས་ཏེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མགྱོགས་སུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་ཕྱོགས་ཡོངས་ནས་ལྗང་མདོག་རིགས་སྒྱུར་མགྱོགས་སུ་གཏོང་བ་སོགས་ཀྱི་ཐད་ལ་བཀོད་སྒྲིག་བྱས་ཤིང་། སྲོལ་རྒྱུན་ཐོན་ལས་ལེགས་སྒྱུར་མཐོར་འདེགས་གཏོང་བ་དང་། གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། དངོས་གཞིའི་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་དང་སྟོབས་ཆེར་གཏོང་བ་བཅས་བཏོན་ཡོད། ཐོག་མའི་གསར་གཏོད་དང་འགག་རྩའི་སྲོག་ཤིང་ལག་རྩལ་འགག་སྒྲོལ་བྱེད་པར་ཤུགས་རྒྱག་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། སློབ་གསོ་ཚན་རྩལ་ཤེས་ལྡན་མི་སྣ་བཅས་གཞི་གཅིག་ཏུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། གྲངས་ཀའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བཏོན་ཡོད། ནུས་ཁུངས་མ་ལག་དཔེ་གསར་གང་མགྱོགས་འཛུགས་སྐྲུན་བྱེད་པ་དང་། ལྗང་མདོག་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་གང་མགྱོགས་ཆགས་པར་བྱེད་པ་བཅས་བཏོན་ཡོད། དོ་སྣང་བྱེད་དགོས་པ་ཞིག་ལ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བར་བསྐོས་ཐང་ཆ་རྐྱེན་ངེས་ཅན་འཛོམས་དགོས་ཤིང་། དངོས་ཡོད་སྤྱོད་འཐུས་རང་བཞིན་ལ་བསམ་གཞིགས་གང་ལེགས་བྱེད་དགོས་པས།གྲོས་གཞི་ཡི་མ་ཟིན་ནང་ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་ནན་བཤད་བྱས་དོན་ནི་ཚང་མར་ཚན་རིག་དང་མཐུན་ཞིང་རིགས་ཤེས་དང་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་ལས་དོན་སྒྲུབ་པར་ཁྲིད་སྟོན་བྱས་ཏེ་འུར་གྱིས་གཉེར་བ་བཀག་འགོག་བྱེད་ཆེད་ཡིན།

བཞི་པ། རྒྱལ་ནང་གི་རེས་འཁོར་ཆེན་པོ་སྟོབས་ཆེར་གཏོང་བ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་རེས་འཁོར་གཉིས་ཐོགས་མེད་ཡོང་བར་བྱ་རྒྱུའི་སྐོར། ཕྱི་རོལ་གྱི་ཁོར་ཡུག་ཇི་ཙམ་ཛ་དྲག་དང་རྙོག་འཛིང་ཆེ་བ་ཡིན་ན། དེ་ཙམ་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་རྒྱུ་མགྱོགས་སུ་གཏོང་བ་དང་། འཕེལ་རྒྱས་ཀྱི་རང་དབང་ལག་ཏུ་དམ་པོར་འཛིན་དགོས། ད་ལྟ་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་རིང་་རྒྱལ་ནང་གི་རེས་འཁོར་ཆེན་པོ་སྟོབས་ཆེར་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ནང་གི་དཔལ་འབྱོར་རེས་འཁོར་མ་ལག་སྟོབས་ཆེན་མགྱོགས་མྱུར་ཆགས་པར་བྱས་ཏེ། རྒྱལ་ནང་གི་རེས་འཁོར་གྱི་བརྟན་བརླིང་རང་བཞིན་གྱིས་རྒྱལ་སྤྱིའི་རེས་འཁོར་གྱི་ངེས་གཏན་མེད་པའི་རང་བཞིན་ཁ་འཐབ་གཏོང་དགོས།

གྲོས་གཞི་ཡི་མ་ཟིན་ནང་རྒྱལ་ནང་གི་རེས་འཁོར་ཆེན་པོ་སྟོབས་ཆེར་གཏོང་བ་འབུར་དུ་ཐོན་པར་བྱས་ཏེ། རྒྱལ་ནང་གི་ཚོང་ར་སྟོབས་དང་ལྡན་པ་འཛུགས་སྐྲུན་བྱེད་པ་དང་། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་མགྱོགས་པོར་འཛུགས་པར་བཀོད་སྒྲིག་བྱས་ཤིང་། ནང་མཁོ་རྒྱ་སྐྱེད་གཏོང་རྒྱུའི་འཐབ་ཇུས་ཀྱི་གཞི་གནས་འདི་རྒྱུན་འཁྱོངས་དང་། དམངས་འཚོར་ཕན་པ་དང་འཛད་སྤྱོད་ལ་སྐུལ་སྤེལ་གཏོང་བ་དང་། མ་དངུལ་དངོས་པོར་གཏོང་བ་དང་མ་དངུལ་མི་ལ་གཏོང་བ་བཅས་ཟུང་འབྲེལ་དམ་པོ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། འཛད་སྤྱོད་ཆེར་སྐྱེད་ཤུགས་ཆེན་གཏོང་བ་དང་། ནུས་ལྡན་དངུལ་འཇོག་རྒྱ་སྐྱེད་གཏོང་བ། རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་པར་འགོག་རྐྱེན་བཟོ་བའི་ཐོགས་ས་འགག་ས་མཐའ་གཅིག་ཏུ་སེལ་བ་བཅས་ནན་བཤད་བྱས་ཡོད་ལ། གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱི་གསོན་ཤུགས་སྐུལ་སློང་གང་ལེགས་བྱེད་པ་དང་། བདག་རྐྱེན་ཚོང་ར་ཅན་གྱིས་བགོ་སྒྲིག་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་གང་མགྱོགས་འཐུས་ཚང་དུ་གཏོང་བ། སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ་བཅས་ནན་བཤད་བྱས་ཡོད། དུས་མཚུངས་སུ། རྒྱལ་སྤྱིའི་རེས་འཁོར་བྱེད་ཁྱོན་ཆེ་རུ་གཏོང་བ་དང་། ལམ་ལུགས་ཅན་གྱི་སྒོ་འབྱེད་བརྟན་པོའི་ངང་རྒྱ་ཆེ་རུ་གཏོང་བ། ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་སྲུང་སྐྱོང་དང་། སྤུས་ཚད་མཐོ་བའི་སྒོ་ནས་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་པ་བཅས་བཏོན་ཡོད།

ལྔ་པ། མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བར་གོམ་སྟབས་བརྟན་པོ་སྤོ་རྒྱུའི་སྐོར། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བའི་དེང་རབས་ཅན་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པར་མི་དམངས་ཀྱི་ལངས་ཕྱོགས་སུ་ལངས་ནས་གནད་དོན་ལ་བསམ་གཞིགས་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་དང་། བྱེད་ཐབས་ཤུགས་ལྡན་སྤྱད་དེ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱས་པ་དང་། དབུལ་བྲལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ཤིང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བར་བྱས་ཏེ་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་སྤེལ་གཏོང་ཆེད་ཆ་རྐྱེན་བཟང་པོ་བསྐྲུན་ཡོད། གྲོས་གཞི་ཡི་མ་ཟིན་གྱིས་སློབ་སྟོན་བསམ་བློའི་ནང་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བར་གོམ་སྟབས་བརྟན་པོ་སྤོ་བ་དམིགས་སུ་བཀར་ནས་ནན་བཤད་བྱས་ཡོད་ཅིང་། འདི་ནི་“ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་མཛུབ་སྟོན་བྱེད་པའི་སྤྱི་ཡོངས་རང་བཞིན་གྱི་བླང་བྱ་ཞིག་ཡིན།

གྲོས་གཞི་ཡི་མ་ཟིན་ནང་མཉམ་དུ་ཕྱུག་འགྱུར་ཡོང་བའི་དམིགས་འབེན་བླང་བྱ་ཁོང་དུ་བརྟན་པོར་ཆུད་པར་བྱས་ཤིང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པར་དམིགས་ཏེ་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བར་སྐུལ་སྤེལ་གཏོང་བ་དང་། ཡོང་འབབ་བགོ་བཤའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། མི་དམངས་ཀྱི་བློ་ལ་འབབ་པའི་སློབ་གསོ་ལེགས་པོར་གཉེར་བ། སྤྱི་ཚོགས་འགན་སྲུང་མ་ལག་ཆ་ཚང་དུ་གཏོང་བ། ས་ཁང་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། བདེ་ཐང་ཀྲུང་གོ་གང་མགྱོགས་འཛུགས་སྐྲུན་བྱེད་པ། མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་བརྟན་པོ་གཏོང་བ་སོགས་ཀྱི་ཐད་དོ་སྙོམས་རང་བཞིན་དང་སྤྱོད་འཐུས་རང་བཞིན་ཆེ་བའི་སྲིད་ཇུས་དང་བྱེད་ཐབས་ཁག་ཅིག་བཀོད་སྒྲིག་བྱས་ཡོད། ས་ཁོངས་ཧེ་བག་དང་གྲོང་ཁྱེར་དང་གྲོང་གསེབ་བར་གྱི་ཁྱད་པར་ཆུང་དུ་གཏོང་རྒྱུར་དམིགས་ཏེ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་མགྱོགས་སུ་བཏང་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ས་ཁོངས་དཔལ་འབྱོར་གྱི་བཀོད་པ་ལེགས་སྒྱུར་བྱས་ནས་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་བ་སོགས་ཀྱི་ཐད་དམ་པ་དོན་གཉེར་གྱི་བྱེད་ཐབས་ཁག་ཅིག་བཀོད་སྒྲིག་བྱས་ཡོད། མི་དམངས་ཀྱི་བསམ་པའི་འཚོ་བ་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་སྤེལ་གཏོང་རྒྱུར་དམིགས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་ལག་ལེན་བསྟར་བ་དང་། རིག་གནས་བྱ་གཞག་དར་རྒྱས་ཤུགས་ཆེན་གཏོང་བ། རིག་གནས་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ། ཀྲུང་ཧྭའི་ཤེས་དཔལ་སྒྲོག་སྤེལ་བྱེད་ནུས་དང་ཤུགས་རྐྱེན་གཏོང་ནུས་མཐོར་འདེགས་གཏོང་བ་བཅས་བཏོན་ཡོད།

དྲུག་པ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱ་རྒྱུའི་སྐོར། བདེ་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོ་དང་འཕེལ་རྒྱས་ནི་བདེ་འཇགས་ཀྱི་འགན་སྲུང་ཡིན། འབྱུང་འགྱུར་ལོ་5ཡི་ནང་། རང་རྒྱལ་གྱི་ངེས་གཏན་མེད་པ་དང་སྔོན་དཔག་བྱེད་དཀའ་བའི་ཉེན་ཁའི་རྒྱུ་རྐྱེན་སྣ་ཚོགས་མངོན་གསལ་དོད་པོས་མང་དུ་འགྲོ་བ་དང་། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པའི་ལས་འགན་སྔར་བས་དཀའ་ཚེགས་ཆེ།གྲོས་གཞི་ཡི་མ་ཟིན་ནང་རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་ཆ་ཚང་དུ་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་རྒྱལ་ཁབ་བདེ་འཇགས་ནུས་པ་འཛུགས་སྐྲུན་ལ་ཤུགས་རྒྱག་པ། སྤྱི་པའི་བདེ་འཇགས་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བཏོན་ཡོད། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ། སྔོན་ཐོན་གྱི་འཐབ་འཛིང་བྱེད་ནུས་འཛུགས་སྐྲུན་གང་མགྱོགས་བྱེད་པ་དང་། དམག་དོན་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། གཞི་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་མ་ལག་དང་ནུས་པ་སྲ་བརྟན་དང་ཆེ་རུ་གཏོང་བ་བཅས་བཏོན་ཡོད།

བདུན་པ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུའི་སྐོར། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་ཡིན།གྲོས་གཞི་ཡི་མ་ཟིན་ནང་ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་འགོ་ཁྲིད་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བར་དམིགས་ཏེ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་བརྒྱབ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གནད་ཆེན་དོན་འཁྱོལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒྱུན་མཐུད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱད་ནས་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱེད་པ། མི་བཀོལ་སྤྱོད་ཡང་དག་པ་བྱེད་པའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ལས་བྱེད་པར་དཔྱད་ཞིབ་གདེང་འཇོག་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་པར་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ། སྙིང་རུས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བ།  རུལ་རྒོལ་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་། རྒྱུན་སྲིང་དམག་འཐབ། སྤྱི་ཡོངས་དམག་འཐབ་བཅས་མཐའ་གཅིག་ཏུ་ཡག་པོར་རྒྱག་པ་བཅས་ནན་བཤད་བྱས་ཡོད།

བློ་མཐུན་རྣམ་པ། “ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་ཀྱི་གྲོས་གཞི་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་ཡོང་རྒྱུ་ནི་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ཡིན། ཚང་མས་བསམ་གཞིགས་ནན་ཏན་དང་གྲོས་བསྡུར་གཏིང་ཟབ་བྱས་ཐོག དགེ་མཚན་ལྡན་པའི་བསམ་འཆར་དང་གྲོས་གཞི་བཏོན་ནས་མཉམ་དུ་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཡག་པོར་འཚོག་རྒྱུ་དང་།གྲོས་གཞི་ཡི་མ་ཟིན་ལ་བཟོ་བཅོས་ཡག་པོ་རྒྱག་དགོས།


责任编辑:七林、达瓦只玛

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

ལུའོ་ཁྲའོ་ཧྥེང་གིས་གཞི་རིམ་དུ་ཟབ་ཞུགས་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་བྱས། 

བདེ་ཆེན་གྱི་སློབ་གསོ་བྱ་གཞག་ལ་བཀྲ་ཆེ་ས་མང་བ་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོན།

གཏེར་མ་རོང་ཤང་ཨ་བཟང་གྲོང་ཚོའི་ལམ་མདོ་གྲོང་མི་ཚོ་ཆུང་གི་མང་ཚོགས་ཕྱུག་འགྱུར་གྱི་ལམ་བུ་ཐོག་སྐྱོད།

སེམས་ཀྱི་ཉི་ཟླ་གྲོང་ཨུའི་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་དགུ་པ་ཚེས་དགུའི་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོ་སྤེལ།

ཁུལ་སྲིད་གཞུང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོ་ལས་ཀའི་སྐུལ་སྤེལ་ཚོགས་འདུ་ཐེངས་བཅུ་དྲུག་པ་འཚོགས།

བདེ་ཆེན་ཁུལ་གྱི་2025ལོ་འཁོར་གྱི་གཞོན་ནུ་ཡིས་ལས་གཏོད་བྱས་ནས་ཕ་ཡུལ་དར་རྒྱས་གཏོང་བ་དང་བདེ་ཆེན་གྱི་གསར་གཏོད་ལས་གཏོད་མཁས་ཅན་ཞེས་པའི་འགྲན་བསྡུར་ཆེན་པོའི་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ།

ལུའོ་ཁྲའོ་ཧྥེང་གིས་ཁུན་མིང་དང་བདེ་ཆེན་གྱི་“གཞན་སའི་གླིང་ཁུལ”ལས་དོན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་སྲོལ་རྒྱུན་གྱི“གཞན་བརྟེན་རྣམ་པའི”རོགས་སྐྱོར་དེ“རང་བརྟེན”ཐོན་ལས་རོགས་སྐྱོར་ཕྱོགས་སུ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་ཅིག་ཏུ་ཕེབས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་གནང་།

ཀྲུང་གུང་བདེ་ཆེན་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་གཙོ་གཉེར་དང་། བདེ་ཆེན་ཉིན་རེའི་ཚགས་པར་ཁང་གིས་སྒྲུབ་འགན་བླངས་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2018 DESIGNNTEND ALL RIGHTS RESERVRD

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927-1

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120170008

རྒྱང་བསྒྲགས་བརྙན་འཕྲིན་ལེ་ཚན་བཟོ་བའི་ལས་གཉེར་ཆོག་མཆན་འཛིན་ཡིག་གི་ཨང་རྟགས་ནི། ༼ཡུན༽ཡིག་ཨང09009

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com