བདེ་ཆེན་རུ་ཁག་གིས2026ལོའི་ཡུན་ནན་ཞིང་ཆེན་གྲོང་ཁྱེར་ལག་རྩེད་སྤོ་ལོའི་མཉམ་འགྲན་(ཏན་BA)གྱི་ཨང་དང་པོ་བླངས་པ།

"རུ་མི་རྣམས་ས་ཆ་སོ་སོར་གནས་ཡོད་པས། མཉམ་དུ་སྦྱོང་བརྡར་བྱེད་པའི་དུས་ཚོད་ཧ་ཅང་ཉུང་། ང་ཚོས་ཆ་རྐྱེན་ཞན་པོ་མང་ཆེ་བའི་འོག་ཏུ་མཉམ་འགྲན་འདི་སྤེལ་བ་ཡིན།"ཞེས་བདེ་ཆེན་ཁུལ་ལུས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་བདེ་ཆེན་རུ་ཁག་གི་སྣེ་ཁྲིད་པ་ཀྲང་ཞི་ཡིས་བཅར་འདྲི་དང་ལེན་གནང་སྐབས་འདི་ལྟར་བཤད་བྱུང་།

ད་རེས་ཀྱི་མཉམ་འགྲན་བརྒྱུད་རིམ་ལ་བལྟས་ན། བདེ་ཆེན་རུ་ཁག་གི་རྒྱལ་ཁ་ལེན་ལམ་ནི་ཀྱག་ཀྱོག་ཆེན་པོ་ཞིག་ཡིན་ལ། རྒྱལ་ཁ་རེ་རེ་ཡང་འཐོབ་དཀའ་བ་ཤ་སྟག་རེད། ཚོ་ཆུང་མཉམ་འགྲན་གྱི་ཐོག་མར། བདེ་ཆེན་རུ་ཁག་གིས་ཁ་གཏད་དྲག་པོ་གཏོད་ས་ནི་ན་ནིང་གི་རྟིང་རྩོད་ཀྱི་ཨང་གཉིས་པ་ཧུང་ཧེ་རུ་ཁག་དང་འཕྲད་ཅིང་། རུ་མི་ཡོངས་ཀྱིས་སེམས་ལྷོད་བག་ཕེབས་དང་དཔའ་ངར་ཆེན་པོས་འཐབ་འཛིང་བྱས་ཏེ། འགོ་འཛུགས་ལེགས་པོ་བྱུང་བ་རེད། རེས་སྐོར་གཉིས་པར་སྟོབས་ཤུགས་ཆེ་བའི་ཏི་ཧོང་རུ་ཁག་དང་འགྲན་རྩོད་བྱས། གྲ་སྒྲིག་གང་ལེགས་མ་བྱུང་བས་ཡིད་སྐྱོ་དགོས་པའི་སྒོ་ནས་ཕམ་པ་རེད། མཉམ་འགྲན་འགག་རྩར་ཐུག་སྐབས། རུ་ཁག་གིས་དུས་ཐོག་ཏུ་ཕྱོགས་བསྡོམས་དབྱེ་ཞིབ་བྱས་ཤིང་། མི་སྣ་བཀོད་སྒྲིག་དང་རྒོལ་སྲུང་ཐབས་ཇུས་མྱུར་དུ་ལེགས་སྒྲིག་བྱས་ཏེ། ཚོ་ཆུང་འགྲན་བསྡུར་མཐའ་མར་ཏ་ལི་རུ་ཁག་དང་བར་སྟོང་འཕྲོག་རྩོད་ཀྱི་འགྲན་བསྡུར་ཁྲོད་དུ། གོ་སྐབས་དམ་འཛིན་བྱས་ནས་རྒྱལ་ཁ་ཐོབ་པ་མ་ཟད། ཚོ་ཆུང་གི་མིང་རིམ་གཉིས་པའི་ཐོག་ནས་བཞི་ཆའི་གཅིག་གི་རྟིང་རྩོད་ཁྲོད་ཚུད་པ་རེད།
བཞི་ཆའི་གཅིག་གི་མཉམ་འགྲན་ནང་། བདེ་ཆེན་རུ་ཁག་གིས་ན་ནིང་གི་ཨང་དང་པོ་ཆུས་ཅིན་རུ་ཁག་དང་གདོང་གཏུག་བྱས། འགྲན་ཡ་སྟོབས་ཅན་དེར་དམིགས་ནས། རུ་མི་ཡོངས་ལ་སྙིང་སྟོབས་རབ་ཏུ་རྒྱས་ཤིང་མཉམ་འགུལ་ཡག་པོ་བྱུང་བས། མཐར་སྐར་མ་ཉེར་བདུན་གྱི་ཁྱད་པར་ཐོག་ནས་རྒྱལ་ཁ་བླངས། རྒྱལ་ཕམ་ཐག་གཅོད་ཕྱེད་མའི་མཉམ་འགྲན་ནང་ས་གནས་དེ་གའི་གཙོ་སྒྲུབ་བྱ་ཡུལ་ཀྲའོ་ཐུང་རུ་ཁག་དང་འཕྲད་པ་རེད། ཕ་རོལ་བོས་གནོན་ཤུགས་ཆེན་པོ་སྤྲད་པ་དང་རང་སའི་གཙོ་བདག་གི་ཆ་རྐྱེན་འོག བདེ་ཆེན་རུ་ཁག་གིས་དཀའ་ཁག་དེ་དག་རེ་རེ་བཞིན་ཐེག་པ་དང་བརྟན་ཚུགས་བརྟན་པོ་བཟུང་སྟེ། རྒྱལ་ཕམ་ཐག་གཅོད་ཕྱེད་མའི་རྒྱལ་ཁ་བླངས་ནས་ཨང་དང་པོ་བརྩོན་ལེན་གྱི་མཉམ་འགྲན་ནང་ཞུགས་ཐུབ་པ་བྱུང་། རྒྱལ་ཕམ་ཐག་གཅོད་ཀྱི་མཉམ་འགྲན་ཐོག བདེ་ཆེན་དང་ཝུན་ཧྲན་རུ་ཁག་དབར་འཐབ་རྩོད་ཛ་དྲག་པོ་བྱུང་ཞིང་། རུ་མི་ཡོངས་ཀྱིས་ཞུམ་མེད་ཀྱི་སྤྱོད་ཚུལ་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། མཐའ་མ་བར་དུ་འབད་བརྩོན་ལྷོད་མེད་བྱས་ནས་བྱ་དགའ་ཨང་དང་པོ་རང་ཉིད་ཀྱི་པང་དུ་བསྡུས་པ་རེད།


མཉམ་འགྲན་བྱ་ཡུལ་དུ། བདེ་ཆེན་རུ་ཁག་གི་རུ་མིས་ཤན་འབྱེད་པ་ལ་བརྩི་བཀུར་བྱེད་པ་དང་། འགྲན་ཟླར་མཛའ་མཐུན་ལྡན་པ། ལུས་རྩལ་ཀུན་སྤྱོད་བཟང་པོ་སྲུང་བ་སོགས་མཚོན་ཡོད། མཉམ་འགྲན་ཕྱི་རོལ་ཏུ། ལག་རྩེད་སྤོ་ལོ་བརྒྱུད་ནས་ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་སོ་སོ་ནས་ཡོང་བའི་ལུས་རྩལ་པ་ཚོ་དང་སྤེལ་རེས་སློབ་སྦྱོང་བྱས་ཏེ། མི་རིགས་ཕན་ཚུན་འབྲེལ་འདྲིས་ཟབ་མོ་བྱེད་པའི་སྟེགས་བུ་བསྐྲུན་པ་རེད།

རུ་མི་ཚོས་བསྟན་དོན། གཟི་བརྗིད་འདི་འདྲ་ཐོབ་པ་ནི་ལྟད་མོ་བ་གྲོགས་པོ་དང་ཕ་ཡུལ་མི་དམངས་ཚོའི་ཐུགས་ཁུར་རྒྱབ་སྐྱོར་ལ་བརྟེན་ནས་བྱུང་བ་ཡིན། མ་འོངས་པར་ཚང་མས་མཉམ་འགྲན་ཁྲོད་འགྲན་ཡར་མི་སྐྲག་པ་དང་། དཀའ་སྤྱད་སྙིང་རུས་ཀྱི་སྙིང་སྟོབས་དེ། ལས་ཀ་དང་འཚོ་བའི་ནང་འཁྱེར་རྒྱུ་ཡིན་ལ། མང་ཚོགས་དེ་བས་མང་བ་ལུས་རྩལ་བྱ་འགུལ་ནང་ཞུགས་རྒྱུར་སྐུལ་མ་བཏང་ནས་བདེ་ཐང་འཚོ་བ་རོལ་འདོད་ཡོད་པའི་བསམ་འདུན་བསྟན།
འགན་འཁུར་རྩོམ་སྒྲིག་པ།:达瓦只玛
- བདེ་ཆེན་གསར་འགྱུར།
ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གིས་2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་བཅུ་པ་སྤེལ།
ཁུལ་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས་98པ་འཚོགས།
ཁུལ་ཨུ་སྐབས་བཅུ་པའི་སྐོར་ཞིབ་རེས་སྐོར་དང་པོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས།
ལི་ཡན་ལན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཕེབས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚུར་ལན་གྱི་གནད་དོན་དག་ཐེར་དང་དེ་བཞིན་བྲག་ཕུག་ས་དོང་ལུང་ཤུར་གྱི་སྦགས་བཙོག་གནད་དོན་གྲལ་བཤེར་དག་ཐེར་ལས་དོན་ལ་བརྟག་ཞིབ་གནང་།
ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུའི་ཏང་གི་སློབ་གྲྭའི་(ཁུལ་སྲིད་འཛིན་སློབ་གླིང་)ལས་བྱེད་པ་དར་གཞོན་གྱི་སྦྱོང་བརྡར་འཛིན་གྲྭ་སྐབས་བཅོ་ལྔ་པའི་སློབ་མ་དང་བཞུགས་མོལ་གནང་།
ཁུལ་ཡོངས་ཀྱི་ཕྱི་རོལ་ལུས་རྩལ་དང་ཡུལ་སྐོར་ཁོར་ཡུག་བཅོས་སྒྲིག་གི་ཡུལ་དངོས་ཚོགས་འདུ་འཇོལ་རྫོང་ནས་འཚོགས།
ཁུལ་སྲིད་གཞུང་གིས་ཧྥུའུ་ཏེན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་དང་མཉམ་དུ་བཞུགས་མོལ་ཚོགས་འདུ་འཚོགས།
མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཡག་པོ་སྐྱོད——ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་དེ་བདེ་ཆེན་ཁུལ་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་ལན་ཆ་ཟབ་མོ་བྱུང་།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108