བདེ་ཆེན་ཁུལ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་སྤེལ་འགོ་ཚུགས།
རྩོམ་པ་པོ་:黄晓丽 何雨桐 陈杰
ཁྱབ་བསྒྲགས་དུས་ཚོད་:2026-09-09 17:34:13
འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཟླ་བ་9པའི་ཚེས་8ཉིན། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་སྤེལ་འགོ་ཚུགས།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་། ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱི་ཏང་ཙུའི་ཁོངས་མི། ཀྲུའུ་ཞི་གཞོན་པ་ལི་དབྱིན་ལེ་འགོ་ཚུགས་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་།

ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས། ཁོང་གིས་ཁུལ་ཚན་རྩལ་མཐུན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་དྲུག་པ་འཚོགས་པ་ནས་བཟུང་། ཁུལ་ཡོངས་རིམ་པ་ཁག་གི་ཚན་རྩལ་མཐུན་ཚོགས་ཀྱི་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་གཏོད་དང་ཚན་རྩལ་མཐུན་ཚོགས་ཀྱི་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ཏེ་འགན་འཁྲི་ཧུར་ཐག་བསྒྲུབས་ཏེ་ཚན་རྩལ་ལས་དོན་པ་དང་འབྲེལ་གཏུག་དམ་ཟབ་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་བ། ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། ཁུལ་ཨུ་ཡིས་ཚན་རིག་དང་མཐུན་པའི་ངང་ཐབས་ཇུས་ཐག་གཅོད་རྒྱུར་རོགས་རམ་བྱེད་པ་སོགས་ཀྱི་ཐད་ཕན་འབྲས་ཏན་ཏིག་ཐོབ་པ་དང་ཁུལ་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པ་ཚོས་ཚན་རིག་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་ཡར་བརྩོན་ཧུར་ཐག་དང་བྱས་རྗེས་སྒྲུབ་ཕོད་པ་བྱས་ཏེ་ཁུལ་ཡོངས་ཀྱི་ཚན་རྩལ་བྱ་གཞག་ལ་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་འཕེལ་ཡོད་ཅེས་བསྟན།
ལུའོ་ཁྲའོ་ཧྥེང་གིས་“ལོ་ལྔ་ཚན་བཅོ་ལྔ་པའི་”རིང་ཁུལ་ཡོངས་ཚན་རྩལ་མཐུན་ཚོགས་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོ་འཁུར་ནས་“ཚན་རྩལ་ལས་དོན་པར་ཞབས་འདེགས་ཞུ་བ་དང་། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཞབས་འདེགས་ཞུ་བ། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་བར་ཞབས་འདེགས་ཞུ་བ། ཏང་དང་སྲིད་གཞུང་གི་ཚན་རིག་དང་མཐུན་པའི་ཐབས་ཇུས་ལ་ཞབས་འདེགས་ཞུ་བ་”བཅས་ཀྱི་འགན་འཁྲིར་དམིགས་ནས་ཚན་རྩལ་གྱི་བློ་གྲོས་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་སྡུད་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་སྐྲུན་པར་ཚན་རྩལ་གྱི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱེད་དགོས། བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཚན་རྩལ་ལས་དོན་པས་ལས་དོན་སྒྲུབ་པ་དང་ལས་གཏོད་བྱེད་པར་སེམས་རྣལ་དུ་ཕབ་ནས་རྒྱབ་སྐྱོར་བྱེད་པ་དང་། སེམས་རྣལ་དུ་ཕབ་ནས་གཅེས་སྐྱོང་ཞབས་ཞུ་ཡག་པོ་བྱས་ཏེ་ཞབས་ཞུའི་ཐད་འབྲེལ་གཏུག་བྱེད་པར་ཚན་རྩལ་མཐུན་ཚོགས་ཀྱི་དྲོད་ཚད་བརྒྱུད་སྤྲོད་བྱེད་དགོས། རང་ཁུལ་གྱི་“ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་ལ་དམིགས་ཏེ་ལས་ཀའི་འཇུག་སྒོ་དང་ཤུགས་རྒྱག་ས་ཡང་དག་བཙལ་ནས་ཚན་རིག་དང་མཐུན་པའི་ཐབས་ཇུས་ལ་ཞབས་འདེགས་ཞུ་བ་དང་། ཚན་རྩལ་འགག་སྒྲོལ་སྒྲིག་འཛུགས། ཕྱོགས་ཁག་གི་རྒྱབ་སྐྱོར་བརྩོན་ལེན་བཅས་བྱས་ཏེ་ལྟེ་གནས་ཀྱི་ལས་འགན་ལ་ཞབས་ཞུ་བྱེད་པའི་ཐད་ཚན་རྩལ་མཐུན་ཚོགས་ཀྱི་འགན་འཁྲི་མངོན་པར་བྱེད་དགོས། གཙོ་གནད་མངོན་གསལ་དོད་པོ་ཡོང་བ་དང་། ཚན་རིག་ཁྱབ་གདལ་གྱི་ཕན་འབྲས་དངོས་ལ་མཐོང་ཆེན་བྱེད་པ། “ཚན་རིག་ཁྱབ་གདལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ལ་ཆུ་གཏོར་བའི་”ཁྱད་ལྡན་སྤུས་རྟགས་སྒྲོག་འགྲེལ་བྱེད་པ་བཅས་བྱས་ཏེ་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་བའི་ཐད་ཚན་རིག་མཐུན་ཚོགས་ཀྱི་བྱས་རྗེས་མངོན་དགོས། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཚན་རྩལ་མཐུན་ཚོགས་ཀྱི་རྩ་འཛུགས་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དམ་འཛིན་ཏན་ཏིག་བཅས་བྱས་ཏེ་རྨང་གཞི་བརྟན་དུ་གཏོང་བའི་ཐད་ཚན་རྩལ་མཐུན་ཚོགས་ཀྱི་གསོན་ཤུགས་འཕེལ་དགོས་ཞེས་ནན་གྱིས་བསྟན།ལུའོ་ཁྲའོ་ཧྥེང་གིས་རིམ་པ་ཁག་གི་ལས་ཁུངས་སོ་སོས་ཚན་རྩལ་མཐུན་ཚོགས་ཀྱི་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱས་ནས་ཚན་རྩལ་མཐུན་ཚོགས་ཀྱིས་འགན་འཁྲི་སྒྲུབ་པ་དང་ནུས་པ་འདོན་སྤེལ་བྱ་རྒྱུར་འགན་ལེན་བརྟན་པོ་བྱེད་དགོས། རྒྱ་ཆེའི་ཚན་རྩལ་ལས་དོན་པས་ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བརྩེ་སེམས་ཟབ་ཏུ་གཏོང་ནས་ལས་གནས་ཀྱི་ཆེད་ལས་ལ་གཞི་ཚུགས་ཏེ་ལག་རྩལ་འགག་སྒྲོལ་དང་ཚན་རིག་ཁྱབ་གདལ་གྱི་དམངས་ཕན་ལས་དོན་ནང་ཞུགས་ཏེ་ཚན་རིག་ཁྱབ་སྤེལ་དང་ཐོན་ལས་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་བཅས་ཀྱི་ལག་ལེན་བྱེད་མཁན་ཡག་པོ་བྱེད་དགོས་ཞེས་བླང་བྱ་བཏོན།
ལི་དབྱིན་ལེ་ཡིས་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱི་ཚབ་ཞུས་ནས་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས་པ་དང་བདེ་ཆེན་ཚན་རྩལ་མཐུན་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་། ཁོ་མོས་བདེ་ཆེན་ཁུལ་གྱི་རིམ་པ་ཁག་གི་ཚན་རྩལ་མཐུན་ཚོགས་རྩ་འཛུགས་དང་རྒྱ་ཆེའི་ཚན་རྩལ་ལས་དོན་པས་བསམ་བློའི་རྨང་གཞི་བརྟན་པོ་བཏིང་ནས་ཆབ་སྲིད་ཀྱི་སྣེ་ཁྲིད་ཐད་འགན་འཁྲི་གསར་པ་འཁུར་བ། ཚན་རིག་ཁྱབ་གདལ་གྱི་ས་ཞིང་གཤིན་པོ་འཛུགས་པ་དང་། ཚན་རིག་ཁྱབ་གདལ་གྱི་དམངས་ཕན་ཐད་བཀྲག་མདངས་གསར་པ་གཏོད་པ། ཤེས་ལྡན་མི་སྣའི་སྟོབས་ཤུགས་གོང་བུ་གཅིག་ཏུ་སྒྲིལ་ནས་ཞབས་ཞུ་འགན་ལེན་ཐད་བྱེད་ཐབས་གསར་པ་འདོན་པ། ཚན་རྩལ་གསར་གཏོད་ཀྱི་བློ་གྲོས་གཅིག་སྡུད་བྱས་ནས་ནུས་པ་སྤྲོད་པའི་ཐོན་ལས་ཐད་ཚད་བརྒལ་གསར་པ་ཡོང་བ་བྱེད་པ། བསྒྱུར་བཅོས་ཟབ་ཏུ་སྤེལ་ནས་རྨང་གཞི་བརྟན་དུ་གཏོང་སྟེ་རྩ་འཛུགས་འཛུགས་སྐྱོང་ཐད་གསོན་ཤུགས་གསར་པ་འཕེལ་དགོས་པའི་རེ་བ་བཏོན།
ཞུས་ཀོང་ཏེ་དང་སུང་ཡུང་ལི། མ་གོ་ཀྲུང་། དབྱང་ཅི་ཝུན་བཅས་འགོ་ཚུགས་ཚོགས་འདུར་ཞུགས། ཁུལ་ཚན་རྩལ་ཅུས་ཀྱི་འགན་འཁུར་བློ་མཐུན་གྱིས་ཚན་རྩལ་ལས་རིགས་ཀྱི་ཚབ་ཞུས་ནས་ཤིས་ཚིག་གསུངས་པ། གུང་གཞོན་ཚོགས་པ་ཁུལ་ཨུའི་འགན་འཁུར་བློ་མཐུན་གྱིས་ཁུལ་རིམ་པའི་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ཚབ་ཞུས་ནས་རྟེན་འབྲེལ་གསུང་ཚིག་ཕུལ། ཚོགས་ཆེན་འཚོགས་རིང་ཁུལ་ཚན་རྩལ་མཐུན་ཚོགས་སྐབས་དྲུག་པའི་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུར་གྲོས་ཞིབ་བྱས་ནས་ཁུལ་ཚན་རྩལ་མཐུན་ཚོགས་སྐབས་བདུན་པའི་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་།
འགན་འཁུར་རྩོམ་སྒྲིག་པ།:拉茸初姆